ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༢ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲ་ཚིགས་སྟེང་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོའི་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ (AISSCE)  ནང་བོད་པའི་སློབ་གྲྭ་ཁག་ ༡༦ ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༡༠༢༧ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༩༩༧ ཡིག་རྒྱུགས་འཕྲོད་ཡོད་པ་དང་། རྒྱུགས་འཕྲོད་པའི་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༩༧.༠༨ ཡིན་ཞིང་། ཆ་སྙོམས་ཀྱི་བརྒྱ་ཆ་ ༧༣.༤༨ ཟིན་ཡོད།

དེ་བཞིན་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༢༧ ནས་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༡༡༨༨ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༡༧ ཡིག་རྒྱུགས་འཕྲོད་ཡོད་པ་དང་། རྒྱུགས་འཕྲོད་པའི་སྤྱི་ཡོངས་བརྒྱ་ཆ་ ༩༤.༠༢ ཡིན་ཞིང་། ཆ་སྙོམས་ཀྱི་བརྒྱ་ཆ་ ༦༣.༡༤ ཟིན་ཡོད། འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭའི་སློབ་མ་བསྟན་འཛིན་འོད་ཟེར་ལགས་བརྒྱ་ཆ་ ༩༥.༢ དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྒྲོན་ལགས་བརྒྱ་ཆ་ ༩༥ ལོན་ཡོད།

ཕྱི་ལོ་ ༢༠༢༢ ལོའི་དགའ་ལྡན་ཕོ་བྲང་གི་སློབ་ཡོན་བཞེས་མཁན་སློབ་མ་རྣམས་ཀྱི་མཚན་གཞུང་གཤམ་གསལ་ལྟར་ཡིན།

༡། སྒྱུ་རྩལ་སྡེ་ཚན།

ཨང་། མིང་། བུའམ་བུ་མོ། སློབ་གྲྭ། བརྒྱ་ཆ།
༡། བསྟན་འཛིན་འོད་ཟེར། བུ་མོ། སཾ་བྷོ་ཌ་སྦེལ་ཀོབ། ༩༥་༠༢
༢། བསྟན་འཛིན་ཆོས་སྒྲོན། བུ་མོ། རྡ་སྟེང་བོད་ཁྱིམ། ༩༥
༣། ཆུང་བདག བུ་མོ། སཾ་བྷོ་ཌ་སྦེལ་ཀོབ། ༩༤་༠༦
༤། བསྟན་འཛིན་སྒྲོལ་དཀར། བུ་མོ། སཾ་བྷོ་ཌ་མོན་གྷོ། ༩༤་༠༦

༢། ཚན་རིག་སྡེ་ཚན།

ཨང་། མིང་། བུའམ་བུ་མོ། སློབ་གྲྭ། བརྒྱ་ཆ།
༡། བསྟན་འཛིན་པདྨ། བུ་མོ། སེ་ལ་ཀུའི་བོད་ཁྱིམ། ༩༤་༠༦
༢། བསྟན་འཛིན་རང་གྲོལ། བུ། སེ་ལ་ཀུའི་བོད་ཁྱིམ། ༩༢་༠༨
༣། ཆོལ་གསུམ་ལྷ་མོ། བུ་མོ། མ་སུ་རི་བོད་ཁྱིམ། ༩༢་༠༤

༣། ཚོང་རིག་སྡེ་ཚན།

ཨང་། མིང་། བུའམབུ་མོ། སློབ་གྲྭ། བརྒྱུ་ཆ།
༡། བསྟན་འཛིན་འཛོམས་སྐྱིད་རྒྱལ་པོ། བུ་མོ། སྦེལ་ཀོབ་བོད་ཁྱིམ། ༩༤་༠༢
༢། བསྟན་འཛིན་ཆོས་བཟང་། བུ་མོ། སཾ་བྷོ་ཌ་མོན་གྷོ། ༩༢་༠༦
༣། བསྟན་འཛིན་གཡུ་སྒྲོན། བུ་མོ། སྦེལ་ཀོབ་བོད་ཁྱིམ། ༨༨་༠༨

ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་འོག་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་དང་འབྲེལ་ཡོད་དགེ་རྒན་རྣམས་ནས་དཀའ་ངལ་ལ་གདོང་ལེན་གནང་སྟེ། ཡིག་རྒྱུགས་གྲུབ་འབྲས་གང་ལེགས་ཐོན་པར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འབྲེལ་ཡོད་ཚང་མར་འཚམས་འདྲི་དང་སློབ་ཐོན་སློབ་ཕྲུག་ཡོངས་ལ་མ་འོངས་ལས་དོན་རྣམས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། །

སྔོན་མ།
༢༠༢༢ ལོའི་བར་བཞག་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་ལྷན་རྒྱས་ཀྱིས་བོད་པའི་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་བ།
Menu