ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་བསྐྱངས།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༧ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༧༦ ནས་སློབ་གྲྭའི་རེག་ཊར་དང་ངེས་སྟོན་པ། སློབ་སྤྱི། ཆོས་དགེ། དགེ་རྒན་སོགས་ཁྱོན་མི་གྲངས་ ༢༣༢ བརྒལ་བ་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་སོང་།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བཀའ་ཟུར་ཁག་གཅིག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་སྤྱི་འཐུས་རྒྱུན་ལས་ཁག་གཅིག འོས་བསྡུ་ལྷན་ཁང་གི་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་གཉིས། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཚོགས་བཅར་བ་རྣམ་པ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་སྣང་གསལ་ཞལ་འབྱེད་དང་། གནས་ཆུང་གི་དགེ་འདུན་བཞི་གྲྭས་ཤིས་བརྗོད་གསུང་འདོན་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གསུམ་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས།
    དེ་ནས་བོད་རྒྱལ་ཁབ་དང་མི་རིགས་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས་གྲུབ་མཚམས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་དང། དེ་རྗེས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཕེབས་བསུ་དང་ཚོགས་འདུ་ངོ་སྤྲོད། ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་ཀྱི་གསུང་བཤད་གནང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་གྲུབ་མཚམས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དངོས་གཞིའི་མཛད་སྒོ་གྲོལ་བ་དང།
   ཆུ་ཚོད་ ༡༡།༡༥ ནས་འགོ་འཛུགས་ཐོག་ཁེ་ན་ཌའི་མཐོ་སློབ་ཀྱི་སློབ་དཔོན་མ་ཊི་མཆོག་གིས་དགེ་རྒན་ཁྱད་ལས་གོང་མཐོར་གཏོང་ཕྱོགས་འཆར་གཞི་དང་འབྲེལ་བའི་སྐོར་གཏམ་བཤད་དང་དྲི་བ་དྲིས་ལན་གནང་། ཆུ་ཚོད་ ༡།༤༥ ཚོགས་ཆུང་བཅུར་ཆ་བགོས་ཀྱིས་གྲོས་གཞི་དང་པོ་དགེ་རྒན་གྱི་ཁྱད་ལས་གོང་མཐོར་གཏོང་ཕྱོགས་ཇི་དགེའི་སྐོར་ལ་གྲོས་བསྡུར་གནང་རྒྱུ་དང་། ཕྱི་ཚེས་ ༨ ཉིན་ཆ་བགོས་ཚོགས་ཆུང་རྣམ་པས་གྲོས་གཞི་གཉིས་པ་གཞི་རིམ་འོག་མའི་ཤེས་ཡོན་སྲ་བརྟན་གཏོང་ཕྱོགས་ཇི་དགེའི་སྐོར་ལ་གྲོས་བསྡུར་གནང་རྒྱུ་ཡིན་འདུག
    ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་དང་འབྲེལ་བའི་སློབ་ཁྲིད་དང་འབྲེལ་ཡོད་རྣམས་ནས་ལག་བསྟར་གནད་སྨིན་ཡོང་ཐབས་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག དེ་ནས་ཚོགས་ཆུང་ཁག་གིས་གྲོས་གཞི་གསུམ་པ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་དང་འབྲེལ་བའི་སློབ་ཁྲིད་ལག་བསྟར་གནད་སྨིན་ཡོང་ཐབས་ཇི་དགེའི་སྐོར་ལ་གྲོས་བསྡུར་གནང་རྒྱུ་ཡིན་འདུག དེ་རྗེས་ཆུ་ཚོད་ ༢ པ་ནས་ ༤།༡༥ བར་ཚོགས་ཆེན་ཐོག་ཚོགས་ཆུང་ཁག་གི་སྙན་ཐོ་སྒྲོགས་སྦྱང་གནང་རྒྱུ་ཡིན་འདུག
    ཆུ་ཚོད་ ༤།༣༠ ཤེས་རིག་བཀའ་བློན་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ཚོགས་ཆེན་མཇུག་བསྡོམས་ཀྱི་གསུང་བཤད་གནང་བ་དང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཚོགས་ཆེན་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག

སྔོན་མ།
སྲིད་སྐྱོང་མཆོག་གིས་བོད་རིགས་སློབ་ཕྲུག་རྣམས་ཀྱི་འགོ་ཁྲིད་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་གསུང་བཤད་གནང་།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་མྱ་ངན་གུས་འདུད།
Menu