ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ལྔ་པ་ཚོགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ལྔ་པ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས། དྷ་སྟེང་བོད་ཁྱིམ་ནས་ཤེས་ཡོན་ངེས་སྟོན་པའི་ལས་ཚབ་རྣམ་གྲོལ་བཀྲ་ཤིས་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གསུང་བཤད་གནང་སྐབས་བཀའ་ཤག་ནས་ཤེས་ཡོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་ནན་བརྗོད་གནང་བ་དང་སྦྲགས། ཤེས་ཡོན་ལྷན་ཚོགས་ངོས་ནས་ད་བར་མུ་མཐུད་བཙན་བྱོལ་བོད་མིའི་ཤེས་ཡོན་གོང་མཐོར་གཏོང་རྒྱུར་འབད་འབུངས་གནང་བར་ལེགས་གསོལ་བསྔགས་བརྗོད་གནང་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་གསུང་བཤད་གནང་སྐབས་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་ཀྱི་ཐབས་ལམ་བསྐྱར་ཞིབ་གནང་དགོས་པ་དང་སློབ་གྲྭའི་ནང་མཐུན་རྐྱེན་ཡར་རྒྱས་གཏང་དགོས་སྐོར་གསུངས་པ་དང་ཆབས་ཅིག གཞི་རིམ་འོག་མ་ནས་ཆེད་ལས་དང་སློབ་ཕྲུག་གི་དོ་དབྱིངས་གཞིར་བཞག་ཐོག་སློབ་གྲྭ་ལོགས་སུ་དབྱེ་བ་ཡིན་ན་སློབ་ཕྲུག་ཚོར་སློབ་སྦྱོང་བྱེད་སྐབས་དཀའ་ངལ་ཉུང་བ་ཡོད་སྐོར་གྱི་དགོངས་ཚུལ་གསུང་དོན། ངའི་བསམ་པར་སློབ་ཕྲུག་ཚོར་དམིགས་བསལ་གྱིས་སྐད་ཡིག་དང་། རོལ་ཆ། འགོ་ཁྲིད་ཀྱི་ནུས་པ། ལུས་རྩལ་ལ་སོགས་སློབ་ཕྲུག་སོ་སོའི་དོ་དབྱིངས་གཞིར་བཞག་ཐོག་སློབ་གྲྭ་ལོགས་སུ་འཛུགས་ཐུབ་ཚེ། འབྱུང་འགྱུར་ང་ཚོའི་སྤྱི་ཚོགས་ཁྲོད་ཆེད་ལས་པ་དང་མཁས་དབང་མང་པོ་ཐོན་ཐུབ་ངེས་ཡིན་སྐོར་དང་། དེ་བཞིན་བོད་པའི་སློབ་གྲྭ་ཁག་གི་སློབ་ཚན་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་སློབ་ཚན་ཁྲིད་ཐབས་གནང་དགོས་གལ་སྐོར་གསུངས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་སློབ་གྲྭ་ཁག་གི་མཁས་དབང་བཅས་ཐུན་མོང་ཐོག་དེང་དུས་ཤེས་ཡོན་ལམ་ལུགས་ཁྲོད་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་གཏན་འབེབས་གནང་རྒྱུའི་རགས་ཟིན་དེ་བོད་སློབ་ཁག་གི་ནང་སློབ་ཁྲིད་གནང་འགོ་བཙུགས་ཏེ་མིག་དཔེ་འོས་པ་ཞིག་གནང་དགོས་པའི་ལམ་སྟོན་གནང་ཡོད།
གཞན་ཡང་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ལས་གཞི་སྐོར་གསུང་དོན། བཀའ་ཤག་གི་ཉེ་བའི་ཆ་ནས་ལྔ་དང་ལྔ་བཅུ་ཞེས་ཞུ་རྒྱུ་འདི་ལོ་ལྔའི་ནང་དབུ་མའི་ལམ་གཞི་ལ་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་རེད། དེ་ལྟར་ཡོང་བར་བོད་རྒྱ་ཞི་མོལ་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་དམིགས་ཡུལ་གཙོ་བོ་རེད། བཀའ་ཤག་འདིའི་ལས་ཡུན་དང་སྲིད་སྐྱོང་གི་ལས་ཡུན་ལོ་ལྔ་རེད། འདི་དང་མཉམ་དུ་ང་ཚོས་འབད་བརྩོན་བྱེད་རྒྱུ་ནི། གལ་ཏེ་བོད་མིའི་སྒྲིག་འཛུགས་ལོ་ལྔ་བཅུ་གནས་དགོས་བྱུང་བ་ཡིན་ན། བོད་མིའི་སྒྲིག་འཛུགས་འདི་འཚོ་བ་དང་། ནུས་པ་འཕེལ་བ། རྒྱུན་གནས་ཐུབ་པ་ཡིན་ན་ལོ་ལྔ་བཅུའི་ནང་རྒྱ་ནག་་རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུ་ངེས་པ་རེད། དེ་ལྟར་བྱུང་ཚེ་བོད་མི་ཚོར་གཞི་རྩའི་རང་དབང་ཐོབ་ཀྱི་རེད། དེར་བརྟེན་ཡང་ན་ལོ་ལྔའི་ནང་དབུ་མའི་ལམ་གཞིར་བཞག་ཐོག་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཀྱི་རེད། དེ་མིན་ལོ་ལྔ་བཅུའི་ནང་རྒྱ་ནག་འགྱུར་བ་འགྲོ་བ་ཡིན་ན་བོད་མི་ཚོར་གཞི་རྩའི་རང་དབང་ཐོབ་ཀྱི་རེད། ལོ་ལྔ་དང་ལྔ་བཅུ་གཉིས་ཀར་ང་ཚོར་རྒྱལ་ཁ་ཐོབ་པའི་རེ་བ་ཡོད། ང་ཚོས་ལོ་ལྔ་ནང་བཞིན་ལྔ་བཅུ་ལའང་འབད་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གང་ཡིན་ཞེ་ན་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་འདི་ལོ་ལྔ་དང་བཅུའི་ནང་སྦོ་ལུག་ས་རེད། ང་ཚོས་ལོ་ལྔའམ་བཅུ་སྒུག་ན་འགྲིག་ས་འདུག ལོ་ལྔའམ་བཅུའི་ནང་བོད་མིའི་སྒྲིག་འཛུགས་སྦོ་ལུག་འགྲོ་གི་རེད་བསམས་ནས་སྒུག་གི་རེད། དེར་བརྟེན་ད་ལྟ་ནས་ལོ་ལྔ་བཅུ་གནས་དགོས་བྱུང་བ་ཡིན་ནའང་གནས་རྒྱུའི་གྲ་སྒྲིག་དང་འཆར་གཞི་ཡོད། འབད་བརྩོན་བྱེད་བཞིན་ཡོད། གྲུབ་འབྲས་སྨིན་གྱི་ཡོད། ཅེས་བརྡ་ལན་གསལ་པོ་འཕྲོད་པ་ཡིན་ན། རྒྱ་ནག་གཞུང་གིས་ཀྱང་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་ལོ་ལྔ་བཅུ་གནས་རྒྱུ་རེད་འདུག འདི་ལས་ལྔ་ལ་ལག་པ་འཆང་སྟེ་མིང་དོན་མཚུངས་པའི་རང་སྐྱོང་གནང་ན་ཡག་པོ་ཡོང་གི་རེད་བསམས་པའི་ཐོག་ནས་ཇི་ཙམ་ལྔ་བཅུ་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། ལྔ་ལ་ཕན་གྱི་རེད། ལྔ་དེ་ཇི་ཙམ་གྲུབ་འབྲས་མགྱོགས་པ་སྨིན་ཐུབ་པ་བྱུང་ན། བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཀྱི་རེད། དེར་བརྟེན་ལྔ་བཅུའི་འཆར་གཞི་ནང་བོད་མིའི་སྒྲིག་འཛུགས་གནས་དགོས་རེད་ཟེར་དུས་ཤེས་ཡོན་ལྷན་ཚོགས་འདི་ཆ་ཤས་གལ་ཆེ་བ་ཞིག་ཆགས་ཡོད། ཅེས་དང་དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་ལས་འཆར་ཁོངས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་འཆར་ཁག་ཞིབ་ཕྲ་ངོ་སྤྲོད་གནང་ཡོད།།

སྔོན་མ།
དྷ་ས་དང་མ་སུ་རི་མངའ་ཁུལ་གྱི་གཞི་རིམ་འོག་མའི་ཚན་རིག་སློབ་དེབ་རྒྱུས་སྟོན་ཟབ་སྦྱོང་།
ཕྱི་མ།
དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རུ་ནཱ་ཅལ་མངའ་ཁོངས་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།
Menu