ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དྲུག་པ་ཚོགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དྲུག་པ་ཚོགས།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། ཤེས་རིག་དེང་སྲོལ་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས། དྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་པར་སྐྲུན་གནང་བའི་༼གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན།༽ཞེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན།
དེ་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དྲུག་པ་བསྐོང་ཚོགས་གནང་ཡོད། ཤེས་ཡོོན་ལྷན་ཚོགས་ཀྱི་ཚོགས་གཙོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ཤེས་རིག་དྲུང་ཆེ། ཤེས་ཡོན་ལྷན་ཚོགས་ཀྱི་ཆོགས་མི་རྣམ་པ། བར་ལམ་བཀའ་ཤག་ནས་བསྐོ་བཞག་གནང་བའི་མཁས་པའི་ཚོགས་མི་རྣམ་པ། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་ཟུར་ཉན་རྣམས་ལ་ངས་ཐོག་མར་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱིར་ངས་གནད་དོན་ཁ་ཤས་ཤིག་གི་ཐོག་ལ་ཞུ་ཐུབ་ན་བསམ་སོང་བ་མ་ཟད། གོ་སྐབས་བཟང་པོ་ཞིག་ཀྱང་མཐོང་སོང་། དང་པོར་ཤེས་ཡོན་ལྷན་ཚོགས་ཀྱི་ངོ་བོ་དང་། ཐོག་མའི་དགོངས་གཞི་གང་འདྲ་བཟུང་ཡོད་པ་དང་། ད་བར་དེའི་ཐོག་དངོས་ཡོད་གནས་བབ་གང་འདྲ་ཆགས་ཡོད་པ་འདིའི་སྐོར་བཀའ་བསྡུར་ཞོར་ལ་ཡོང་ངེས་རེད། ཤེས་ཡོན་ལྷན་ཚོགས་འདི་ཐོག་མར་དགོངས་གཞིའི་དམིགས་ཚད་མཐོ་བོ་ཞིག་ཡོད་པ་དང་། དེ་ལ་དཔག་པའི་སྒྲིག་གཞི་ཟིན་བྲིས་ཚོགས་ཆུང་བསྐོ་བཞག་གནང་སྟེ་བཀའ་ཤག་ནས་ལམ་སྟོན་གནང་བ་གཞིར་བཟུང་ཟིན་བྲིས་ཡར་ཕུལ་ནས་རིམ་བཞིན་བཀའ་འཁྲོལ་གནང་བའི་ཐོག་ནས་གཏན་འབེབས་བྱས་ཡོད། གཏན་འབེབས་གནང་བ་དེ་དག་གནས་ཚད་མཐོ་བོའི་སྒང་གནས་ཡོད། སྔོན་མ་དགོངས་གཞིའི་ཤེས་ཡོན་ལྷན་ཚོགས་ཀྱི་ངོ་བོ་གང་འདྲ་རེད་ཅེ་ན། ཁྲིམས་ཀྱི་དབང་ཚད་ཅན་གྱི་ཚོགས་སྡེ་ཞིག་བཀའ་ཁྲོལ་ཞུས་ཏེ་ཨིན་ཇི་ཚིག་ Statutory Body ཡི་ངོ་བོ་ཐོག་ཞིབ་འཇུག་དང་སྐད་ཆ་མང་པོ་དྲིས་ནས་མཐའ་མར་ Statutory Body གཞུང་འབྲེལ་བྱེད་རྒྱུ་བྱུང་ན་ཞེས་རྩ་ཁྲིམས་ཀྱི་ཚོགས་སྡེ་དང་ནོར་རྒྱུ་མེད། Statutory Body དང་ Constitutional Body གཉིས་གནས་བབ་ཀྱི་ཐོག་ཁྱད་པར་ཡོད། མདོར་ན། གང་ལྟར་ཁྲིམས་བཟོ་ལྷན་ཚོགས་ཀྱི་གཏན་འབེབས་གནང་བའི་ཁྲིམས་ཡིག་ཟུར་དུ་ཡོད་མཁན་ལྷན་ཚོགས་ཀྱི་གནས་བབ་ཞིག་ལ་དགོངས་གཞི་བཅངས་ནས་བཟོས་པ་རེད། ད་ལྟ་ཡོད་བཞིན་པའི་སྒྲིག་གཞི་དེ་ཡང་རྣམ་པ་དང་གོ་བ་ཤུགས་ཆེན་པོ་ཡོད་པ་རེད། འདི་གནད་དོན་གཅིག་རེད།
འདི་དངོས་སུ་ལག་བསྟར་དང་འཛུགས་རྒྱུའི་སླད་བཀའ་མོལ་གནང་ཡོང་དུས་ཐོག་མའི་དམིགས་ལྟར་བྱུང་ཐུབ་མེད། དཔེར་ན་སྒྲིག་གཞི་གཅིག་གཏན་འབེབས་ཡོད་རེད། སྒྲིག་གཞི་དེ་བཀའ་ཤག་རང་གིས་གཏན་འབེབ་གནང་སྟེ་བཀའ་འཁྲོལ་གནང་བ་ཞིག་མ་གཏོགས་ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་ཡིག་གི་ངོ་བོའི་ཐོག་ནས་གཏན་འབེབས་གནང་བ་ཞིག་ཆགས་མེད། དེར་བརྟེན་ཁྲིམས་ཀྱི་དབང་ཚད་ཡོད་མཁན་གྱི་ཚོགས་སྡེ་ཞིག་སྒྱུར་མ་ཐུབ་པ་ལྟ་བུར་འཛིན་སྐྱོང་གི་སྒྲིག་གཞི་ཟུར་དུ་ཡོད་མཁན་གྱི་ཚོགས་སྡེ་ཞིག་མ་གཏོགས་ཁྲིམས་ཀྱི་དབང་ཚད་ཡོད་མཁན་གྱི་ཚོགས་སྡེ་ལྟ་བུར་སྒྱུར་མ་ཐུབ་པ་འདྲ་བོ་དང་། དེ་ཡང་མཐའ་གཅིག་ཏུ་འགྱུར་བ་བཏང་བ་དེ་འདྲའང་མ་རེད། གནས་སྐབས་རིང་འདི་ལྟར་མ་གཏོགས་རྒྱུ་རྐྱེན་མང་པོ་ཞིག་གི་སྒོ་ནས་ཡོང་རྒྱུ་མེད་པར་གནས་སྐབས་རིང་འདི་ལྟར་བྱས་ན་ཞེས་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ལས་ཁུངས་དེ་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་བྱས་ནས་དྲུང་འཕར་གནས་རིམ་ཅན་གྱི་ཤེས་རིག་ལས་བྱེད་གཅིག་འགན་འཛིན་གནང་རྒྱུ་བྱས་ནས་དེ་ལྟར་འགྲོ་བཞིན་པ་ཞིག་རེད།
སྔོན་མ་ཐོག་མར་འགོ་བཙུགས་ཡོང་དུས་རང་ཉིད་ཤེས་རིག་ལས་ཁུངས་ནང་དྲུང་ཆེའི་འགན་འཁུར་ནས་ཡོད་པའི་སྐབས་སུའང་སྒྲིག་གཞི་དེ་གང་ཙམ་མཐོ་བོ་ཐོན་པའི་བཟོ་འདྲ་ཞིག་དང་། དངོས་སུ་ལག་བསྟར་བྱེད་རྒྱུ་དེ་དྲུང་འཕར་གནས་རིམ་ཅན་གྱི་འགན་འཛིན་གྱིས་བྱེད་ཡོང་དུས་ལག་ལེན་བསྟར་དུས་གོ་ནོར་ཡོང་རྒྱུའི་གཞི་མང་པོ་ཡོད། དེ་དུས་བཀའ་བློན་ཁྲི་པ་མཁས་དབང་བསམ་གྱི་མི་ཁྱབ་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བཞུགས་ཡོད། དེ་དུས་རྩ་འཛིན་ལམ་སྟོན་དེ་འདྲ་ཞུས་ནས་ད་བར་དེ་ལྟར་གནས་ཡོད། ཐོག་མའི་དགོངས་གཞི་ལ་དམིགས་བསལ་གྱི་ཆ་ནས་འགྱུར་བ་ཡོད་ཀྱི་མ་རེད་བསམ་གྱི་འདུག རིམ་པས་འདིའི་ཕྱོགས་སུ་འགྲོ་ཐུབ་རྒྱུར་ཤེས་ཡོན་ལྷན་ཚོགས་རང་ནས་དགོངས་པ་བཞེས་གནང་ན་འོས་ཤིང་འཚམ་པ་དང་ཡག་པོ་མེད་དམ་ཞེས་དེ་རིང་དྲན་བསྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
སྤྱིར་ཐེངས་འདིའི་ལྷན་ཚོགས་ཐོག་སྔ་ལོའི་གྲོས་ཆོད་བསྐྱར་ཞིབ་དང་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་དང་། སློབ་སྡེ་སོ་སོས་ཤེས་ཡོན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་ཇི་ཞུས་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནད་དོན་ཐོག་སློབ་ཁག་སོ་སོའི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྤྱི་དང་། བྱེ་བྲག་ཏུ་བདུན་ཕྲག་གཅིག་ནང་གཞི་རིམ་གོང་འོག་བར་གསུམ་ལ་ཚོགས་ཐེངས་ཇི་གནང་དགོས་མིན་ཇི་དགེའི་སྐོར། དེ་བཞིན་བོད་པའི་མོན་ཊི་སོ་རིའི་ལམ་ལུགས་ཤིག་རྡ་ས་བོད་ཁྱིམ་དང་མཉམ་འབྲེལ་གྱིས་བསླབ་གཞི་རྩ་འཛིན་སོགས་གཏན་འབེབས་གནང་རྒྱུར་ཚོགས་ཆུང་གསར་འཛུགས་གནང་ཕྱོགས་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་མ་འོངས་པར་ལས་འཆར་སྤེལ་ཕྱོགས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པས་ལོ་གཅིག་ནང་སློབ་སྡེ་ཁག་ལ་གཟིགས་སྐོར་གནང་ཕྱོགས། དཔེ་དེབ་བསྐྱར་ཞིབ་ཚོགས་མི་བསྐོ་གཞག་གནང་ཕྱོགས་ཇི་དགེའི་སྐོར་སོགས་ཀྱི་གྲོས་གཞིའི་ཐོག་བཀའ་བསྡུར་གྱིས་ལག་བསྟར་གནང་ཕྱོགས་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
མ་སུ་རི་བོད་ཁྱིམ་གྱི་སློབ་ཁག་གཉིས་ནང་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཚོགས།
ཕྱི་མ།
རིགས་ལམ་བརྒྱུད་གཞི་རིམ་བར་མའི་ཚན་རིག་སློབ་ཚན་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་།
Menu