ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་༡༠ ཚེས་༣༠ དང་༣༡ བཅས་ཉིན་གཉིས་རིང་བཀའ་ཤག་ཚོགས་ཁང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་གཉིས་པ་བསྐྱངས།     ཚོགས་འདུའི་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་འགྲུབ་ལགས། ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། ཤེས་རིག་དེང་རབས་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས། དྷ་སྟེང་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྒྲོལ་དཀར་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་བཅས་ལྷན་ཚོགས་ཀྱི་ཚོགས་མི་དང་། ཆེད་དུ་གདན་ཞུ་གནང་བའི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་བཅས་ཚོགས་ཞུགས་གནང་འདུག
    ཐེངས་འདིའི་ཚོགས་འདུའི་དུས་ཡུན་རིང་ཤེས་ཡོན་ལྷན་ཚོགས་ཐེངས་དང་པོའི་གྲོས་ཆོད་ཁག་ལག་བསྟར་བྱས་པའི་ལས་བསྡོམས་སྙན་ཐོའི་གྲོས་གཞི་གཙོ་བོ་ཁག་བདུན་ཏེ། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བོད་མི་རང་ལ་འཚམ་པའི་སྔོན་འགྲོའི་ཤེས་ཡོན་ལམ་སྲོལ་གསར་གཏོད་གནང་ཕྱོགས་དང༌། དགེ་རྒན་གྱི་ཉུང་མཐའི་གསོལ་ཕོགས་དང་ཐོབ་ཐང་འཆར་ཟིན་གཏན་འབེབས་གནང་ཕྱོགས། དགེ་རྒན་གྱི་ཤེས་ཚད་དང་ལས་དོན་ནུས་ཚད་གོང་མཐོར་གཏོང་སླད་ལོ་ལྔ་རེའི་མཚམས་སུ་དགེ་རྒན་གྱི་ལས་སྒོར་བསྐྱར་ཞུགས་ཆོག་པའི་ལག་ཁྱེར་སྤྲོད་ལེན་གྱི་ལས་རིམ་གོ་སྒྲིག་དང་ལག་བསྟར་བྱེད་ཐབས་སྐོར། གཞི་རིམ་གོང་མའི་འཛིན་རིམ་ ༡༠ དང་ ༡༢ ཐོན་རྗེས་སུའང་འདོད་བབ་དང་བསྟུན་ཏེ་ལས་རིགས་སློབ་སྦྱོང་གི་གོ་སྐབས་སྤྲོད་ཕྱོགས་སྐོར།  དགེ་རྒན་གྱི་ཤེས་ནུས་དང་ཀུན་སྤྱོད་ཀྱི་ཚད་གཞི་ལ་བཏང་འཛིན་བྱེད་པའི་ཆ་རྐྱེན་གསར་གཏོད་གནང་ཕྱོགས། གཞི་རིམ་སློབ་གྲྭ་ཁག་ལ་ཤེས་ཡོན་རྟོག་ཞིབ་ཀྱིས་ལེགས་སྤེལ་ཉེས་འགོག་གི་སྙན་ཐོ་འདོན་སྤེལ་དང་། ལེགས་ཉེས་དབྱེ་འབྱེད་ཀྱིས་བྱ་དགའ་ཆད་གཅོད་གནང་ཕྱོགས། སློབ་གྲྭ་ཁག་གི་རྒྱུགས་སྤྲོད་ལམ་སྲོལ་གསར་གཏོད་གནང་ཕྱོགས་བཅས་དང། འཕྲོས་དོན་གྲོས་གཞི་ཁག་བདུན་གྱི་བཅས་ཀྱི་ཐོག་བཀའ་བསྡུར་གྱི་ལག་བསྟར་གནང་ཕྱོགས་གྲོས་ཆོད་གཏན་འབེབས་གནང་འདུག་པ་བཅས།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་ཟབ་སྦྱོང།
ཕྱི་མ།
བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་གི་སྔོན་དགེ་ཟབ་སྦྱོང་།
Menu