ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བདུན་པ་ཚོགས་པ།

གསར་འཕྲིན།
ཤེས་ཡོན་ལྷན་ཚོགས་ཐེངས་བདུན་པའི་སྟེང་བཀའ་བློན་གྱི་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བདུན་པ་སྐོང་ཚོགས་གནང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ལས་ཚབ་ཀུན་དགའ་རྒྱལ་མཚན་ལགས། ཤེས་རིག་དེང་སྲོལ་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས། རྡ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ཝཱ་ཎཱ་གཙུག་ལག་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་ལྷག་པ་ཚེ་རིང་ལགས། སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ལས་ཚབ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་གནང་དོན།

ཤིན་ཏུ་བཀུར་འོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བཀུར་འོས་ཤེས་རིག་བཀའ་བློན་མཚོག་གིས་གཙོས་ཤེས་རིག་དྲུང་ཆེ། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ལྷན་རྒྱས་ཡོངས་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་སྦྲགས། ད་ཐེངས་ལྷན་ཚོགས་སུ་ཤེས་ལྷན་གྱི་ཚོགས་གཙོར་གསུང་བཤད་གནང་རྒྱུའི་གོ་སྐབས་གནང་བར་ཚིག་ཁ་ཤས་ཤིག་ཞུ་རྒྱུ་ཡིན། བོད་མིའི་ཤེས་ཡོན་སྲིད་བྱུས་ཞེས་པ་ནི། རྒྱུན་རིང་པོ་ཞིག་ནས་བཟོས་ཟིན་པ་རྣམས་ཡང་ནས་ཡང་དུ་བསྐྱར་ཞིབ་ཀྱིས་ལག་བསྟར་ཇི་ལྟར་གཏང་ཡིན་མིན་ཐོག་དོ་སྣང་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ཕྱོགས་མཚུངས་དེའི་ཐོག་ཤེས་ཡོན་ལྷན་ཚོགས་དང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་དུས་ནས་དུས་སུ་ཉམས་ཞིབ་བྱས་པའི་ཐོག་ལག་བསྟར་གནང་དགོས་ཀྱི་འདུག གཉིས་པ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་སྐབས་གུ་ཡངས་ཀྱི་སྒོ་ནས་གཏོང་དགོས་རྒྱུ་དམིགས་བསལ་གྱི་གལ་ཆེན་པོ་ཡིན། ད་ཆ་དུས་ཚོད་འགྱུར་བ་ཆེན་པོ་ཕྱིན་ཡོད་སྟབས་དེ་དང་མཐུན་པ་ཞིག་གོམ་པ་སྤོ་དགོས་ཀྱི་ཡོད་པས་གུ་ཡངས་ཀྱི་རྣམ་པ་ཐོག་ནས་སྤེལ་དགོས། གནས་སྐབས་ཙམ་ལ་མི་ལྟོས་པར་འཕྲལ་ཕུགས་རྒྱང་གསུམ་གྱི་ཐོག་ནས་ལས་དོན་རྣམས་གོང་འཕེལ་གཏོང་དགོས། ཤེས་ཡོན་སྲིད་བྱུས་དེ་བཞིན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་དང་། རྒྱལ་ཁབ་ཞིག་གི་ནང་ཆ་བཞག་ན། ཡ་རབས་སྤྱོད་བཟང་དང་། ཤེས་ཡོན་རིག་གནས་ལ་སོགས་གང་འདྲ་ཞིག་ཡིན་རུང་མཐར་ཁ་ཕྱོགས་ས་དེ་ནི་ཤེས་ཡོན་སྲིད་བྱུས་སྟེང་སླེབས་བཞིན་ཡོད།

ད་ལྟའི་ཤེས་ཡོན་སྲིད་བྱུས་དེ་ནི་སྐྱབས་བཅོལ་དུ་བསྡད་པའི་རིང་གི་སྲིད་བྱུས་ཤིག་ཡིན་པར་བརྟེན་ང་ཚོའི་ཐུན་མིན་ཆོོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ངོ་བོ་འཛིན་ཐུབ་རྒྱུའི་ཆེད་ཐབས་ལམ་ཇི་ལྟར་བྱེད་དགོས་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁོ་ན་ཙམ་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པ་ཙམ་མ་ཟད། རྒྱ་ཆེ་བོད་མི་ཡོངས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་རྒྱུ་གལ་ཆེན་པོ་ཡིན། ད་ཆ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཆུང་བྱིས་པའི་སྐབས་ནས་གསོ་སྐྱོང་དང་། སེམས་ཁམས་དང་མཐུན་པའི་སློབ་གསོ་ཇི་ལྟར་གནང་དགོས་ཐད་བསམ་བློ་ཞིག་གཏོང་དགོས་ངེས་ཡིན།
ལས་རིགས་སྦྱོང་བརྡར་སློབ་གཉེར་ཁང་གལ་ཆེན་པོ་ཡིན་པ་མ་ཟད། ཇི་ལྟར་འགྲོ་བཞིན་ཡོད་སྐོར་ཐོག་དོ་སྣང་བྱེད་དགོས། སྐབས་བབ་ཀྱི་བོད་ཀྱི་ཐུན་མིན་རིག་གནས་བཅུ་ལ་དོ་སྣང་དགོས་རྒྱུ་སྤྱི་དང་། ལྷག་པར་བོད་ཀྱི་སྐད་ཡིག་ལ་མི་ཉམས་རྒྱུན་འཛིན་ཐད་དོ་སྣང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཤེས་ཡོན་ཅེས་པ་ནི་འབྲི་ཀློག་སྦྱང་བཤད་ཙམ་མིན་ཞེས་སོགས་ཀྱི་གསུང་བཤད་གནང་།

དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གོང་དུ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་གཟབ་ཞིང་རྒྱས་པ་གནང་སོང་། ཤེས་རིག་ལས་ཁུངས་ནང་ཚན་པ་མང་པོ་ཡོད་པའི་ནང་ནས་ཤེས་ཡོན་ལྷན་ཚོགས་དེ་བཞིན་གལ་ཆེན་པོ་རྩི་བཞིན་ཡོད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་དང་གནང་བཞིན་ཡོད་ཀྱང་། ལག་བསྟར་འཐུས་ཚང་གནང་མི་ཐུབ་པ་རྣམས་ལྷན་ཚོགས་འདིའི་ཐོག་ནས་ལག་བསྟར་གནང་ཕྱོགས་ཐད་ལམ་སྟོན་ཁ་གསལ་ཡོང་བའི་རེ་བ་ཡོད། ད་ལྟ་ལྷན་ཚོགས་སུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ལྷན་འགན་འཛིན་རྣམས་ཕེབས་པ་ལྟར་སློབ་གྲྭ་ནང་གི་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐད་གོ་བསྡུར་ལྷུག་པོ་ཡོང་རྒྱུ་དང་། ཤེས་ཡོན་སྲིད་བྱུས་དེ་བཞིན་དགེ་རྒན་དང་། ཤེས་ལྷན་ཚོགས་མི། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འགན་ཙམ་མིན་པར་ཕ་མ་ཚོ་ལའང་འགན་ཡོད། ཕ་མ་ངོས་ནས་ཤེས་ཡོན་སྲིད་བྱུས་ལ་རིན་ཐང་དང་གལ་ཆེན་པོ་བརྩི་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་ཕ་མ་དང་དགེ་རྒན་གཉིས་ཀྱི་དབར་འབྲེལ་བ་བཟང་པོ་དགོས་ཀྱི་ཡོད། སློབ་གྲྭར་སློབ་ཕྲུག་རྣམས་ལ་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་རྒྱུ་ནི་གནད་འགག་ཆེན་པོ་ཡིན། ཉ་ེཆར་སློབ་གྲྭ་ཁག་དུ་གཞུང་འབྲེལ་འཚམས་གཟིགས་བསྐྱོད་པའི་སྐབས་སློབ་མ་དབུས་བཞག་གལ་ཆེན་པོ་བརྩིས་ནས་དགེ་རྒན་དང་ལྷན་དུ་ཟུར་དུ་ཚོགས་འདུ་ཞིག་ཀྱང་སྐོང་བ་ཡིན། མཐར་ལྷན་ཚོགས་ནང་གོ་བསྡུར་ལྷུག་པོ་དང་། ལམ་སྟོན་ཁ་གསལ་ཡོང་རྒྱུའི་རེ་བ་ཡོད། ཅེས་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་དོན། ཐོག་མ་འདིར་ཕེབས་པ་རྣམས་ལ་བཀའ་ཤག་གི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལགས་ཞུ་རྒྱུ་ཡིན། ཤེས་ཡོན་ལྷན་ཚོགས་ནས་ལོ་ལྟར་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཤིག་ཚོགས་བཞིན་ཡོད་པར་བརྟེན། འགན་བཞེས་པའི་ཐོག་ནས་མཉམ་ཞུགས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

གོང་དུ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་ཀྱི་ཞིབ་ཚགས་པོ་གསུང་པ་ལྟར་རེད། གཞི་རྩའི་ཤེས་ཡོན་སྲིད་བྱུས་ནི་དེ་སྔ་ནས་འགོ་བཙུགས་གནང་བ་བཞིན་ཕྱི་ལོ་ ༢༠༠༨ ནས་ལག་བསྟར་གནང་ཡོད། དོན་དངོས་སུ་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ ༼ དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲད་རྒྱུ་ལ་སོགས། ༽ ལག་བསྟར་གནང་འགོ་བཙུགས་ཡོད། བཀའ་ཤག་ནས་ཤེས་ཡོན་སྲིད་བྱུས་སླད་ལོ་ ༣ ནང་སྔོན་རྩིས་ཧིན་སྒོར་འབུམ་དྲུག་ཅུ་དྲུག་ཅུ་དམིགས་སུ་བཀར་ནས་འགྲོ་སོང་གཏོང་བཞིན་ཡོད། འགྲོ་གྲོན་དེ་དག་ལ་བརྟེན་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་འགྲོ་ཡི་ཡོད།

ཤེས་ཡོན་སྲིད་བྱུས་ནང་བལྟས་ན། བོད་ཨིན་སྐད་ཡིག་གཉིས་ནི་ཆ་ཤས་ཤིག་ཡིན། གཙོ་བོ་ནི། ཤེས་ཡོན་སློབ་སྟངས་ཐོག་ལམ་སྟོན་གཏིང་ཟབ་དགོས་རྒྱུ་དེ་ཡིན། འཛིན་གྲྭ་དང་པོ་ནས་ལྔ་པ་བར་བོད་ཡིག་ཐོག་སློབ་ཚན་སློབ་འཁྲིད་གནང་རྒྱུ་དེ་འགྲིག་འདུག འོན་ཀྱང་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་ཨང་རྩིས་དང་ཚན་རིག་སློབ་ཚན་གཉིས་བོད་ཡིག་ཐོག་སློབ་འཁྲིད་བྱ་རྒྱུའི་གྲོས་གཞི་བཀོད་པ་དེ་རྩ་བ་ཉིད་ནས་བསླབ་རྒྱུ་མི་འདུག ཨང་རྩིས་དང་ཚན་རིག་གཉིས་ཨིན་སྐད་རང་གི་ཐོག་ནས་བསླབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོད། གང་ཡིན་ཟེར་ན་ཨང་རྩིས་དང་ཚན་རིག་གི་སློབ་ཚན་གཉིས་ཨིན་ཡིག་སྟེང་སློབ་འཁྲིད་གནང་རྒྱུ་རྒྱལ་སྤྱིའི་འགྲོ་སྟངས་ལྟ་བུ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་བོད་ཡིག་ཐོག་ནས་བསླབ་ཚེ་འགྲིག་གི་མེད་ལ་ཕྱིས་སུ་མཐུན་རྐྱེན་མ་འདང་བའི་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན། ཤེས་ཡོན་སྲིད་བྱུས་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་མ་ཟད། ལག་བསྟར་གནང་ཕྱོགས་ཐད་སེམས་འཚབ་དང་སྦྲགས་དགོངས་པ་བཞེས་དགོས་ཀྱི་འདུག ཅེས་དང་།
གཞནན་ཡང་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་དེབ་རྣམས་སླར་ཡང་བསྐྱར་ཞིབ་གནང་སྟེ་སྤུས་ཚད་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། སློབ་ཕྲུག་རྣམས་ཀྱིས་སློབ་དེབ་ཀློག་པའི་སྐབས་གོ་བདེ་བོ་ཞིག་བཟོ་དགོས་པ། རིམ་བཞིན་སློབ་གྲྭ་ཁག་སྤུས་ཚད་ལྡན་པ་ཞིག་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། དེའི་ཐད་འབད་བརྩོན་བྱེད་དགོས་སྐོར། མང་ཚོགས་ཀྱི་སྐྱོན་བརྗོད་ལ་ཐེ་ཚོམ་སྐྱེས་པའི་ཐོག་ནས་ལས་དོན་མཚམས་འཇོག་གནང་རྒྱུ་མེད། དེ་ལས་ལས་གཞིའམ་ལས་འཆར་རྣམས་མུ་མཐུད་ལག་བསྟར་གནང་དགོས། མཐར་གྲུབ་འབྲས་ལ་བལྟས་ཏེ་མང་ཚོགས་ཀྱིས་དགའ་མོས་བྱེད་རྒྱུ་རེད། ལྷན་ཚོགས་ཐེངས་བདུན་པ་འདིའི་ཐོག་ཚོགས་བཅར་བ་རྣམས་ནས་ལམ་སྟོན་ཁ་གསལ་པོ་ཡོང་རྒྱུའི་རེ་བ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཤེས་ལྷན་འགན་འཛིན་ལས་ཚབ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ།

སྤྱིར་ཐེངས་འདིའི་ལྷན་ཚོགས་ཐོག་སྔ་ལོའི་གྲོས་ཆོད་བསྐྱར་ཞིབ་དང་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་དང་། སློབ་སྡེ་སོ་སོས་ཤེས་ཡོན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་ཇི་ཞུས་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནད་དོན་ཐོག་སློབ་ཁག་སོ་སོའི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ། བོད་པའི་སློབ་གྲྭ་ཁག་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཇི་དགེའི་སྐོར། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་ནུས་པ་གོང་འཕེལ་གཏོང་ཐབས་དང་། སློབ་གྲྭ་ཁག་ནང་འགན་འཛིན་གསོ་སྐྱོང་དང་། བསྐོ་བཞག གནས་སྤར་གནང་ཕྱོགས་ཚགས་ཚུད་གཏོང་ཐབས་ཇི་དགེའི་སྐོར། བོད་པའི་སློབ་ཁག་ཡོངས་ནས་འཛིན་རིམ་བརྒྱད་པ་བར་རིམ་བཞིན་བོད་སྐད་བརྒྱུད་ལམ་ནས་སྤྱི་ཚོགས་ཚན་རིག་སློབ་ཁྲིད་གནང་ཕྱོགས་ཇི་དགེའི་སྐོར། ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་གྲོས་ཆོད་དང་པོའི་དགོངས་དོན་ལྟར་སློབ་ཁག་ཁུ་བསྡུ་དང་ཟླ་སྒྲིལ་གནང་ཕྱོགས་ཇི་དགེའི་སྐོར། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་ཞིབ་གནང་ཕྱོགས་ཇི་དགེའི་སྐོར་སོགས་ཀྱི་གྲོས་གཞིའི་ཐོག་བཀའ་བསྡུར་གྱིས་ལག་བསྟར་གནང་ཕྱོགས་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག་པ་བཅས། །

སྔོན་མ།
ཕྱི་ལོ་ ༢༠༡༩ ལོའི་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་གི་སློབ་ཡོན་གྱི་འཚང་སྙན་འབུལ་རྒྱུའི་དུས་བཀག་ཕྱིར་འགྱངས་ཞུས་པའི་གསལ་བསྒྲགས།
ཕྱི་མ།
ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཤི་ལོང་ས་གནས་སུ་འཚམས་གཟིགས་གནང་བ།
Menu