ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་ལྷན་རྒྱས་ཀྱིས་བོད་པའི་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་འབོད་སྐུལ་ཞུས་པ་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་ཚོགས་མི་ལྷན་རྒྱས་ནས་བོད་པའི་སློབ་གྲྭ་ཁག་གཅིག་ལ་གཟིགས་སྐོར་དང་འབྲེལ་ཡོད་ཚོ་ལ་ལམ་སྟོན་གསུང་བཤད་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༩ ནས་ ༢༡ བར་དྷ་ས་ཁུལ་གྱི་སློབ་ཁག་ལ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་གཟིགས་སྐོར་ཕེབས་ཡོད་པ་དང་། དེ་བཞིན་ཟླ་ ༦ ཚེས་ ༢༠ ནས་ ༢༩ བར་དབུས་གཞིས་ཆགས་གསུམ་གྱི་སློབ་གྲྭ་ཁག་ལ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས་དང་། ཕྱི་ཟླ་ ༧ ཚེས་ ༡༡ ནས་ ༡༩ བར་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་ལ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་དཔལ་ཁང་ཉི་མ་དོན་གྲུབ་ལགས།

ཕྱི་ཟླ་ ༧ ཚེས་ ༡༡ ནས་ ༢༡ བར་སྦིར་ཅོན་ཏ་ར་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་ལ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་བཅས་གཟིགས་སྐོར་ཕེབས་ཡོད་པ་མ་ཟད། འབྲེལ་ཡོད་དགེ་ལས་སློབ་ཕྲུག་དང་ཕ་མ་བཅས་ལ་ལམ་སྟོན་གསུང་གནང་ཡོད།གཟིགས་སྐོར་སྐབས་ཁོང་རྣམ་པས་སློབ་གྲྭ་ཁག་གི་ནང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ལས་དོན་ཇི་སྤེལ་ལ་གཟིགས་ཞིབ་དང་། སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་དང་། དཔེ་མཛོད། འཛིན་ཁང་། ཚན་རིག་བརྟག་དཔྱད་ཁང་། ཉལ་ཁང་། གསོལ་ཚིགས་ཁང་སོགས་ལ་གཟིགས་ཞིབ་དང་། འཛིན་ཁང་འགའ་ཤས་ཀྱི་སློབ་ཁྲིད་ལའང་རྟོག་ཞིབ་གནང་ཡོད།

ད་རེས་ཀྱི་གཟིགས་སྐོར་ལས་རིམ་ལེགས་གྲུབ་ཡོང་བར་འབྲེལ་ཡོད་སློབ་སྡེ་ཁག་གི་སྤྱི་ཁྱབ་ཡིག་ཚང་གཙོས་པའི་སློབ་གྲྭ་ཁག་གི་སློབ་སྤྱིའམ་དགེ་ཆེ་དང་འབྲེལ་ཡོད་ལས་བྱེད་ཡོངས་ནས་མཐུན་འགྱུར་གང་ལེགས་གནང་ཡོད་པ་མ་ཟད། འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་ཀྱང་རྒྱབ་སྐྱོར་བཟང་པོ་གནང་ཡོད།

གཟིགས་སྐོར་ལས་རིམ་གྱི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད་པ་བཅས།། །།

སྔོན་མ།
བཙན་བྱོལ་བོད་མིའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས།
ཕྱི་མ།
ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་སུམ་ཅུ་སོ་གཅིག་པ་ལེགས་གྲུབ་ཟིན་པ།
Menu