ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་པ་བསྐོང་ཚོགས་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༣ དང་ ༡༤ བཅས་ཉིན་གྲངས་གཉིས་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་པ་བསྐོང་ཚོགས་གནང་ཡོད།

དེ་ཡང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། གཞན་ཡང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ལྷན་འགན་འཛིན་ནས་ཕེབས་བསུ་དང་ལས་རིམ་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། མ་འོངས་པར་མི་རབས་གསར་པའི་ཁྲོད་དུ་བོད་ཀྱི་རིག་གནས་ཐོག་ནས་སྣེ་འཁྲིད་ཐུབ་མཁན་ངེས་པར་དུ་གསོ་སྐྱོང་གནང་དགོས་པ་དང་། བོད་པ་རང་ལ་ལྟ་སྒོམ་སྤྱོད་གསུམ་དང་། གཞི་ལམ་འབྲས་གསུམ་ལ་སོགས་པ་སྲོལ་རྒྱུན་ཤེས་ཡོན་སྤྲོད་སྟངས་སྣ་མང་ཡོད་སྟབས། གཞོན་སྐྱེས་ཚོར་སློབ་དགོས་པ་དང་། སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་གནང་སྟངས་གནང་ལུགས་ཐད་ཕྲུ་གུས་རིགས་པ་འདྲ་མིན་གཏོང་སྟངས་ཤེས་རྒྱུའི་ཐོག་འབད་བརྩོན་གནང་དགོས་གལ་སོགས་ཀྱི་ཐོག་གསུང་བཤད་གནང་།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། སློབ་ཕྲུག་གི་ཤེས་བྱ་ཡོན་ཏན་ཐོག་འཐུས་ཤོར་མི་འགྲོ་བ་དང་། དགེ་རྒན་ལ་སློབ་ཁྲིད་གནང་རྒྱུའི་ཕྱག་ལས་ཀྱི་སྟེང་དུ་ཟབ་སྦྱོང་སྣ་མང་གི་གནོན་ཤུགས་མི་ཡོང་སླད། ཤེས་རིག་ལས་ཁུངས་ནས་དགོས་ངེས་ཅན་གྱི་ཟབ་སྦྱོང་རིགས་དབྱར་དགུན་གུང་གསེང་སྐབས་གོ་སྒྲིག་ཞུ་རྒྱུའི་འབད་བརྩོན་གནང་རྒྱུ་དང་། དེ་བཞིན་བོད་པའི་ཡ་རབས་སྤྱོད་བཟང་དང་གོམས་གཤིས་བཟང་པོ་རྣམས་ཉམས་རྒུད་འགྲོ་ཡི་ཡོད་པའི་རྣམ་པ་མངོན་གསལ་ཡོད་པས་ཚང་མས་ལྷག་བསམ་རྣམ་དག་གིས་ཤུགས་རྒྱག་དགོས་ཀྱི་ཡོད་སྐོར་གསུངས་ཡོད།

དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས། མ་འོངས་པར་ལས་འཆར་གནད་ལ་འཁེལ་བ་དང་འགྲོ་སོང་གཏོང་ཡུལ་འོས་པ་ཡོང་བར་གཞི་རིམ་ནས་གྲངས་ཐོ་ཚད་ལྡན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། སློབ་གྲྭ་དང་འབྲེལ་བའི་གྲངས་ཐོ་ད་ལྟའི་ཆར་དགོས་མཁོ་ཡོད་པ་ཙམ་མ་ཟད། མ་འོངས་པར་དགོས་མཁོ་ཡོང་སྲིད་པ་བཅས་ཀྱི་གྲངས་ཐོ་ཚད་ལྡན་རྣམས་ཤེས་རིག་ལས་ཁུངས་ནས་བསྡུ་རུབ་གནང་རྒྱུ་གལ་ཆེན་པོ་དང་།  དེ་བཞིན་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཁ་གསལ་བཟོ་གལ་དང་། ལོ་གཅིག་གི་ནང་ལྷན་ཚོགས་ཐེངས་གཉིས་ཙམ་ཚོགས་ཐུབ་ཚེ་དགེ་མཚན་ཆེ་བ་ཡོད་སྐོར་དང་། བོད་པའི་སྒྲིག་འཛུགས་ཕན་ཚུན་དབར་དང་། དེ་བཞིན་བོད་པའི་སློབ་སྡེ་ཁག་ཕན་ཚུན་དབར་འབྲེལ་བ་དམ་ཟབ་དང་རོགས་འདེགས་གང་ཐུབ་བྱེད་རྒྱུ་དང་། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་མུ་མཐུད་གནས་དགོས་ཚེ། དེར་སློབ་ཕྲུག་ཤེས་ཡོན་ལེགས་གྲས་རྣམས་སློབ་སྦྱོང་བྱེད་ཀྱི་ཡོད་སྟབས། དེའི་ནང་དགེ་རྒན་དང་མཐུན་རྐྱེན་གཞན་རྣམས་གང་ལེགས་དགོས་རྒྱུའི་དགོངས་བཞེས་གནང་གལ་སོགས་ཀྱི་སྐོར་ལམ་སྟོན་གསུང་བཤད་གནང་ཡོད།བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་པའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་བཅུ་པོ་ནས་ཚོགས་བཅར་ཞུས་ཡོད། ཚོགས་མིའི་ཁོངས་སུ་བཀའ་ཤག་གིས་ཐད་བསྐོས་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་དང་། བཀའ་ཤག་གིས་ཐད་བསྐོས་ཚོགས་མི་དང་དྲུང་ཆེ་གཅིག་ལྕོགས་དྲུང་འཕར་བསྟན་འཛིན་པདྨ་ལགས། ཤེས་རིག་ལས་ཁུངས་ཀྱི་དེང་རབས་དང་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། དྷ་ས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསྟན་འཛིན་མཚན་ལེགས་སམ་འབྲུག་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་འབུམ་རམས་པ་སངས་དོན་གྲུབ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། བཀའ་ཤག་གིས་ཐད་བསྐོས་གཞུང་ཁོངས་མིན་པའི་ཁྱད་ལས་པ་གསུམ་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་ལྷག་པ་ཚེ་རིང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་སྤྱི་ཟུར་དཔལ་ཁང་ཉི་མ་དོན་གྲུབ་ལགས་བཅས་ཡིན།

ཐེངས་འདིའི་ལྷན་ཚོགས་སུ་གྲོས་གཞི།

༡༽   སྔ་ལོའི་གྲོས་ཆོད་བསྐྱར་ཞིབ་དང་། ཤེས་ཡོན་ལྷན་ཚོགས་དང་། སློབ་སྡེ་ཁག་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་དང་།

༢༽ ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དབུས་པའི་ཚོགས་མི་རྣམས་བོད་པའི་སློབ་གྲྭ་ཁག་ཅིག་ལ་རྟོག་ཞིབ་ཕེབས་སྐབས་ཀྱི་གཟིགས་ཚུལ་དང་། ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གསུང་རྒྱུ།

༣༽ འདི་ལོ་འཛིན་རིམ་དྲུག་པར་སྤྱི་ཚོགས་ཚན་རིག་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་ལག་བསྟར་གནང་ཡུལ་གྱི་ཐོ་གཞུང་འབྱོར་བ་ཁག་གཏན་འབེབས་དང་། དེ་འབྲེལ་གནད་དོན་ཐོག་གྲོས་བསྡུར་གནང་རྒྱུ།

༤༽  བོད་མི་རིགས་ལ་ལྟོ་གོས་གནས་མལ་རྣམས་འགྲིག་ངེས་ཙམ་མ་ཟད། རིག་གནས་མ་ལག་ཕྱུག་པོ་ཡོད་པ་དེ་དག་མ་འོངས་པར་བོད་རིགས་སློབ་ཕྲུག་ཡོངས་རྫོགས་ཀྱིས་སྦྱོང་སྤྱོད་སྤེལ་གསུམ་བྱེད་མ་ཐུབ་ཀྱང་། བརྒྱ་ཆ་གང་འཚམས་ཤིག་གིས་སྦྱོང་སྤྱོད་སྤེལ་གསུམ་བྱེད་ཐུབ་ཐབས་ཇི་དགེའི་སྐོར།

༥༽  ད་ལྟའི་སྐབས་བཙན་བྱོལ་ནང་དུ་བོད་ཀྱི་ཆབ་སྲིད་དང་། རིག་གནས། ལེགས་བྱང་བཅས་ཀྱི་བྱ་གཞག་འཛིན་སྐྱོང་སྤེལ་གསུམ་བྱ་བར་དཀའ་ཚེགས་ཆེ་ཤོས་ནི་སློབ་གྲྭ་ཁག་ལ་སློབ་ཕྲུག་གི་གྲངས་འབོར་འདང་ངེས་ཤིག་མེད་པ་དེ་ཡིན་སྟབས། ད་ལྟའི་གནས་སྟངས་འདི་མུར་ཡུན་རིང་གནས་ཚེ་གསབ་ཏུ་མེད་པའི་མི་རིགས་ཀྱི་གྱོང་གུན་ཞིག་ཕོག་ངེས་ལ་བརྟེན། དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་ཇི་དགེའི་སྐོར།

༦༽   ཤེས་རིག་ལས་ཁུངས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། བོད་པའི་སློབ་སྡེ་ཁག་གི་སྤྱི་ཁྱབ་ཡིག་ཚང་རྣམས་ནས་དགེ་རྒན་རྣམས་ལ་ལས་འཆར་དང་ཟབ་སྦྱོང་མང་བའི་ངལ་དུབ་དང་སེམས་ངལ་གྱི་རྒྱུ་རྐྱེན་མི་འབྱུང་བའི་ཐབས་ལམ་ཇི་དགེའི་སྐོར།

༧༽  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་གནང་སྟེ་སྤྱི་ཚོགས་ནང་གོ་རྟོགས་དང་གྲུབ་འབྲས་གང་འཚམས་བྱུང་ཡོད་ཀྱང་། ད་དུང་རིགས་ལམ་སློབ་ཁྲིད་སྔར་ལྷག་སྤུས་ཚད་བཟང་དུ་གཏོང་ཕྱོགས་དང་། རིགས་ལམ་དང་ནང་ཆོས་སློབ་ཚན་གྱི་བརྒྱ་ཆ་སྤྲོད་ཕྱོགས་ཇི་དགེའི་སྐོར།

༨༽ བལ་ཡུལ་གངས་ཅན་བདེ་རྩ་ནས་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གཞིར་བཟུང་བོད་ཡིག་སློབ་ཁྲིད་ཀྱི་ལམ་སྟོན་ལག་དེབ་ཅིག་རྩོམ་སྒྲིག་གནང་ཡོད་པ་ལྷན་ཚོགས་ལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་ནས་ངོ་སྤྲོད་གནང་རྒྱུ་དང་། དེ་བཞིན་ལག་དེབ་འདི་ཉིད་བོད་པའི་སློབ་གྲྭ་གཞན་གྱི་ནང་ལག་བསྟར་གནང་ཕྱོགས་ཇི་དགེའི་སྐོར།

༩༽  སློབ་གྲྭ་ཁག་གི་དབུ་འཛིན་དང་། སློབ་སྤྱི། དགེ་ཆེ། དགེ་ལས། ཕ་མ་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གོ་རྟོགས་དང་སློབ་སྟོན་མུ་མཐུད་གནང་ཕྱོགས་ཇི་དགེའི་སྐོར།

༡༠༽  ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ན་གཞོན་ཚོས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། ལྷག་པར་དུ་བོད་སྐད་དང་བོད་པའི་གོམས་གཤིས་བཟང་པོ་དར་སྤེལ་གཏོང་ཕྱོགས་ཇི་དགེའི་སྐོར།

༡༡༽  ཚོགས་གཙོའི་བཀའ་འཁྲོལ་འོག་གནད་དོན་གཞན་བཅས་ཀྱི་སྟེང་གོ་བསྡུར་གནང་སྟེ། གྲོས་ཆོད་ཁག་ཁག་ ༤༣ གཏན་འབེབས་གནང་ཡོད།

ཚོགས་འདུ་མཇུག་བསྡོམས་སྐབས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ད་ལྟ་བར་དུ་ཤེས་ཡོན་ཐོག་ཞབས་ཞུ་བསྒྲུབ་པ་ལ་རྗེས་སུ་ཡི་རང་དང་། མ་འོངས་པར་ཡང་མུ་མཐུད་མཇུག་ཤུགས་སྣོན་རྒྱག་དགོས་པ་དང་། གྲོས་ཆོད་ཁག་ལག་བསྟར་གནང་དགོས་པ་སོགས་གསུངས་གནང་ཡོད།

ཐེངས་འདིའི་ལྷན་ཚོགས་ཀྱི་འགྲོ་སོང་ཡོངས་རྫོགས་ཌེ་ཎི་ཌ་ (DANIDA) རོགས་ཚོགས་ནས་རོགས་དངུལ་མཐུན་འགྱུར་གནང་ཡོད་པ་བཅས། །

སྔོན་མ།
ཤེས་རིག་ལས་ཁུངས་ནས་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོའི་ཐོག་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་ཁྲིད་པའི་ཟབ་སྦྱོང་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་འཛིན་རིམ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་བ།
Menu