ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ཀྱིས་འགོ་ཁྲིད་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་དང་། རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ཇ་ལནྡྷར་(Jalandhar) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ལབ་ལི་ཆེད་ལས་གཙུག་ལག་སློབ་གཉེར་ཁང་(Lovely Professional University, LPU) གཉིས་ཐུན་མོང་གིས་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ལ་འགོ་ཁྲིད་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༡༣ ཉིན་ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་གྱི་གནས་ཚད་དང་འཛིན་སྐྱོང་ཡར་རྒྱས་གཏོང་ཐབས་ཆེད་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་པ་དང་། སྐབས་དེར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་དང་། ཤེས་རིག་ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས། སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཚོགས་པའི་འགན་འཛིན་ཀརྨ་ཆུང་བདག་ལགས་སོགས་མཉམ་ཞུགས་གནང་།
ལྷན་ཚོགས་ཐོག་བོད་མིའི་སློབ་གྲྭ་ཁག་གི་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་གྱི་སྤུས་ཚད་དང་ཆེད་ལས་ཡར་རྒྱས་གཏོང་རྒྱུའི་གལ་གནད་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་ཤེས་ཡོན་གྱི་གལ་གནད་དང་། ཐེངས་འདིའི་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་རྣམས་ནས་སློབ་གྲྭ་ཁག་གི་ནང་རང་ཉིད་ཀྱི་གོ་གནས་གང་ཡིན་མིན་ལ་མ་ལྟོས་པར། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་དེ་སློབ་ཕྲུག་རྣམས་ཀྱི་ཁེ་ཕན་ཆེད་ལས་ཀ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན་སྐོར་ནན་བརྗོད་གནང་ཡོད་པ་མ་ཟད། སློབ་གྲྭ་ཁག་གི་འགན་འཛིན་རྣམས་ཀྱིས་ཟབ་སྦྱོང་འདིའི་ཐོག་གང་ཤེས་པ་རྣམས་སོ་སོའི་སློབ་གྲྭ་ཁག་གི་ནང་ཐབས་ལམ་དེ་དག་བེད་སྤྱད་ནས་འགྱུར་བ་གཏོང་ཐབས་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུངས་འདུག
དེ་རྗེས་སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་གསུང་བཤད་གནང་གྲུབ་བསྟུན། སུ་ཇ་བོད་ཁྱིམ་གྱི་དབྱིན་དགེ་དར་རྒྱས་ལགས་ཀྱིས་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་གཏོང་ཕྱོགས་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ཌོཀ་ཊར་མ་ཊི་(Dr. Mati) ལགས་ཀྱིས་བོད་མིའི་ཤེས་ཡོན་ལམ་ལུགས་ཐོག་དཔྱད་ཞིབ་གནང་བའི་གྲུབ་དོན་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་ཡོད།
ཕྱོགས་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་ལབ་ལི་ཆེད་ལས་གཙུག་ལག་སློབ་གཉེར་ཁང་གི་ནང་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་མ་རྣམས་དང་ཐུག་འཕྲད་གནང་སྟེ། སློབ་ཕྲུག་ཚོར་གཙུག་ལག་སློབ་ཁང་དུ་ཡོང་དགོས་པའི་ཐོག་མའི་དམིགས་ཡུལ་དྲན་གསོ་གནང་བ་དང་ཕྱོགས་མཚུངས། སློབ་ཕྲུག་ཚོས་བོད་པའི་སློབ་ཕྲུག་ཚོགས་པ་བཙུགས་ཚེ་མ་འོངས་པར་བོད་པའི་སློབ་མ་སློབ་ཞུགས་བྱེད་མཁན་ཚོར་ཕན་ཐོགས་ཡོང་རྒྱུ་མ་ཟད། བོད་པའི་སློབ་ཕྲུག་ཕན་ཚུན་ངོ་ཤེས་དང་རྒྱུས་ལོན་ཡོང་བར་ཡང་ཕན་ཁྱད་ཆེན་པོ་ཡོང་ངེས་ཡིན། དེ་བཞིན་གཙུག་ལག་སློབ་ཁང་ནང་བོད་པའི་རིག་གཞུང་འཁྲབ་སྟོན་གནང་བ་བརྒྱུད་བོད་པའི་རིག་གཞུང་གི་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་ཡང་གསུངས་འདུག སྐབས་དེར་ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྐོར་འགྲེལ་བརྗོད་གནང་འདུག
ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་འདི་བཞིན་ཁེ་ན་ཌའི་ཕྱི་སྲིད་ལས་དོན་དང་ཚོང་དོན་ཡར་རྒྱས་ཚན་པས་(Department of Foreign Affairs, Trade and Development (Canada)དཔལ་འབྱོར་གྱི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག །

སྔོན་མ།
ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་གཉིས་པའི་སློབ་དེབ་གཏན་འབེབས་ཚོགས་འདུ།
Menu