ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༣༠ རེས་གཟའ་པ་སངས་ཉིན་རྒྱབ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད་ཅིང། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་སྔར་ལྷག་ཡར་རྒྱས་ཕྱིན་འདུག འདི་ལོའི་འཛིན་རིམ་བཅུ་གཉིས་ཅན་གྱི་སློབ་གྲྭ་ ༡༦ ནས་སློབ་གྲྭ་གཉིས་མ་གཏོགས་གཞན་རྣམས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་ཡོད་པ་མ་ཟད། སློབ་ཕྲུག་ ༢༧ གྱིས་བརྒྱ་ཆ་ ༩༥ དང་དེ་ལས་མང་བ་བླངས་ཏེ་སྲིད་སྐྱོང་སློབ་ཡོན་འཐོབ་ཀྱི་ཡོད། སྲིད་སྐྱོང་སློབ་ཡོན་བཞེས་མཁན་ཁོངས་སུ་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ ༢༡ དང་། མོན་གྷོ་སཾབྷོ་ཊ་གཏན་སློབ་ནས་ ༢། དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་། སུ་ཇཱ་བོད་ཁྱིམ་སློབ་གྲྭ། སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ་བཅས་ནས་སློབ་ཕྲུག་རེ་རེ་བྱུང་འདུག

འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་ནང་ཁྱོན་བསྡོམས་སློབ་ཕྲུག་ ༡༠༦༢ ནས་ ༡༠༦༠ ཐམ་པ་ཡིག་རྒྱུགས་འཕྲོད་དེ་རྒྱུགས་འཕྲོད་བརྒྱ་ཆ་ ༩༩་༨༡ དང་ཆ་སྙོམས་བརྒྱ་ཆ་ ༧༨་༤༡ ཆགས་ཀྱི་ཡོད་པས། སྔ་ལོ་དང་བསྡུར་ཚེ་རྒྱུགས་འཕྲོད་བརྒྱ་ཆ་ ༡་༥༨ དང་ཆ་སྙོམས་བརྒྱ་ཆ་ ༢་༢༡ གིས་འཕར་ཆ་བྱུང་འདུག འདི་ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་འཐོབ་མཁན་སློབ་ཕྲུག་རྣམས་ཀྱི་མཚན་གཞུང་གཤམ་གསལ་ལྟར་ཡིན།

༡༽ སྒྱུ་རྩལ་སྡེ་ཚན།

ཨང་། མིང་། བུའམ་བུ་མོ། སློབ་གྲྭ། བརྒྱ་ཆ།
བདེ་སྐྱིད་དབྱངས་འཛོམས། བུ་མོ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༩
བསྟན་འཛིན་དཔལ་སྒྲོན། བུ་མོ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༨་༨
བསྟན་འཛིན་ཆོས་འཛིན། བུ་མོ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༨་༦

 

༢༽ ཚོང་རིག་སྡེ་ཚན།

ཨང་། མིང་། བུའམ་བུ་མོ། སློབ་གྲྭ། བརྒྱ་ཆ།
བསྟན་འཛིན་རྒྱལ་མཚན། བུ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༧
བསྟན་འཛིན་ཚེ་སྐྱིད། བུ་མོ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༥་༨
བསྟན་འཛིན་རྡོ་རྗེ་བྷུ་ཊི་ཡ། བུ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༥་༤

༣༽ ཚན་རིག་སྡེ་ཚན།

ཨང་། མིང་། བུའམ་བུ་མོ། སློབ་གྲྭ། བརྒྱ་ཆ།
བསྟན་འཛིན་དཀོན་མཆོག་བདེ་གསལ། བུ་མོ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༧
བསྟན་འཛིན་ལེགས་བཟང་། བུ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༧
བསྟན་འཛིན་ཆོས་འཛིན། བུ་མོ། མོན་གྷོ་སཾབྷོ་ཊ་གཏན་སློབ། ༩༦་༨
བསྟན་འཛིན་དཔལ་སྒྲོན། བུ་མོ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ༩༦

སྤྱིར་འདི་ལོ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ནད་རླབས་གཉིས་པའི་སྐབས་སློབ་ཕྲུག་དང་དགེ་རྒན་རྣམས་ཀྱི་བདེ་འཇགས་དང་བདེ་ཐབས་བཅས་ལ་ལྟ་ཞིབ་བྱས་ཏེ། ཕྱི་ཟླ་ ༦ ཚེས་ ༡ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ཡིག་རྒྱུགས་མེད་པ་བཟོས་ཏེ་སློབ་ཚན་རེ་ལ་ཨང་ཀི་འབུལ་ཕྱོགས་གསལ་བསྒྲགས་སྤེལ་ཡོད། དེའང་ལྷན་ཚོགས་ནས་ཆེད་ལས་མི་སྣའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་བསྡོམས་གནང་ཕྱོགས་ཀྱི་ཚད་འཛིན་ཆ་རྐྱེན་གསར་གཏོད་གནང་བ་གཤམ་གསལ་ལྟར་བསྡུར་ཚད་ ༣༠:༣༠:༤༠ གཏན་འབེབས་གནང།

  • འཛིན་རིམ་བཅུ་པའི་སློབ་ཚན་གཙོ་བོ་ལྔ་ལས་འབྲི་རྒྱུགས་གྲུབ་འབྲས་ཡག་ཤོས་གསུམ་གྱི་ཆ་སྙོམས་བརྒྱ་ཆ་གཞིར་བཞག་བརྒྱ་ཆ་ ༣༠།
  • འཛིན་རིམ་བཅུ་གཅིག་གི་འབྲི་རྒྱུགས་གྲུབ་འབྲས་གཞིར་བཞག་བརྒྱ་ཆ་ ༣༠།
  • འཛིན་རིམ་བཅུ་གཉིས་ཀྱི་ཟླ་རེའི་དང་། ལོ་ཕྱེད། སྔོན་འགྲོའི་ཡིག་རྒྱུགས་བཅས་གཞིར་བཞག་བརྒྱ་ཆ་ ༤༠།

འདི་ལོ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ནད་རླབས་གཉིས་པའི་གནས་སྟངས་འོག་འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག་དང་འབྲེལ་ཡོད་དགེ་རྒན་རྣམས་ནས་དཀའ་ངལ་ལ་གདོང་ལེན་གནང་སྟེ་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་ཐོན་པར་འབྲེལ་ཡོད་ཚང་མར་ཤེས་རིག་ལས་ཁུངས་ཀྱིས་འཚམས་འདྲི་དང་སློབ་ཐོན་སློབ་ཕྲུག་ཡོངས་ལ་མ་འོངས་ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས།

Gaden Phodrang Award Recipients - 2021 Sikyong & Gaden Phodrang Awardees 2021
སྔོན་མ།
ཕྱི་ལོ་ ༢༠༡༢ ལོའི་བྱིས་པ་རྣམས་འཁྲིག་སྤྱོད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་ཀྱི་བཅས་ཁྲིམས་དང་ན་གཞོན་ཀྱི་བདེ་འཇགས་ཐོག་ཉིན་བཞིའི་ཟབ་སྦྱོང་།
ཕྱི་མ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་བརྒྱ་ཐོན་པ།
Menu