ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་བརྒྱ་ཐོན་པ།

ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༣ གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད་པ་དང་། འདི་ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་བརྒྱ་ལོངས་ཞིང་ད་བར་གྱི་གྲུབ་འབྲས་བཟང་ཤོས་དེ་ཆགས་ཡོད། གཏན་ཉིན་སློབ་ཁག་ ༢༧ ནང་ཁྱོན་བསྡོམས་འཛིན་རིམ་བཅུ་པའི་སློབ་ཕྲུག་ ༡༢༢༦ ཙམ་ཡོད།

འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་ལས་ཆ་སྙོམས་ཀྱི་བརྒྱ་ཆ་ ༦༢་༨༧ ཡིན་པས། སྔ་ལོ་དང་བསྡུར་ཚེ་བརྒྱ་ཆ་ ༠་༤༩ ཡིས་འཕར་ཆ་བྱུང་འདུག དེ་བཞིན་འདི་ལོ་སློབ་གྲྭ་ ༡༠ ནས་སློབ་ཕྲུག་ ༢༩ ཡིས་བརྒྱ་ཆ་ ༩༠ དང་དེ་ལས་མང་བ་དང་། སློབ་ཕྲུག་ ༡༠ ཡིས་བརྒྱ་ཆ་ ༩༥ དང་དེ་ལས་མང་བ་བླངས་ཡོད། དེ་དག་ལས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་བོད་རིགས་སློབ་ཕྲུག་ ༤ དང་། སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ་ཀྱི་བོད་རིགས་སློབ་ཕྲུག་ ༢ བཅས་ལ་སྲིད་སྐྱོང་ཕུལ་བྱུང་བྱ་དགའ་འཐོབ་ཀྱི་ཡོད། གཞན་ཡང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཡོངས་ནས་ཧར་པ་སྤུར་ཉིན་སློབ་ཀྱི་སློབ་མ་ཨཔཱུརཝི་རཱཝཏ་ (Ms Apoorvi Rawat) ཡིས་བརྒྱ་ཆ་ ༩༨ བླངས་ཏེ་གྲུབ་འབྲས་ཚད་མཐོ་ཤོས་དེ་ཆགས་ཡོད།

འདི་ལོ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་རྐྱེན་པས་ཛ་དྲག་གནས་སྟངས་སྐབས་སུའང་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་དང་། འབྲེལ་ཡོད་ཕ་མ་དང་དགེ་ལས་བཅས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་གྲུབ་འབྲས་གཟེངས་ཐོན་བྱུང་བར་ཤེས་རིག་ལས་ཁུངས་ནས་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན།

 

སྔོན་མ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་པ།
ཕྱི་མ།
ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གཟེངས་བསྟོད་གསལ་བསྒྲགས།
Menu