ཟླ་རེའི་གསར་འགྱུར།

བརྡ་ཆད་ཚན་པས་ཐ་སྙད་ཀྱི་གོ་རྟོགས་རྒྱ་ཆེ་སྤེལ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག ལྡེ་ར་ལྡུན་མངའ་ཁུལ་གྱི་གཞིས་ཆགས་དང་། སློབ་གྲྭ་ཁག་ལ་བོད་སྐད་སྟེང་གཏན་འབེབས་གནང་བའི་དེང་དུས་ཐ་སྙད་ངོ་སྤྲོད་དང་། གོ་རྟོགས་རྒྱ་ཆེར་སྤེལ།
དེ་ཡང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་སླད་དེང་རབས་ཀྱི་རིག་ཚན་སྣ་ཚོགས་དང་། རྒྱུན་སྤྱོད་ཀྱི་ཐ་སྙད་ཟིན་བྲིས་བཏབ་པ་རྣམས་ཆེས་མཐོའི་གཏན་འབེབས་ལྷན་ཚོགས་བརྒྱུད་ཐག་གཅོད་གཏན་འབེབས་ཀྱིས། ད་བར་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་བཅུ་གཅིག་བར་འདོན་སྤེལ་ཐུབ་པ་བྱུང་ཡོད།
བརྡ་ཆད་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཡོངས་རྫོགས་དང་། སྤྱི་སྒེར་སློབ་གྲྭ་ཁག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། དགོན་སྡེ་ཆོས་སྒར་དང་དཔེ་མཛོད་ཁང་། བརྒྱུད་ལམ་ཁག་སོགས་སུ་རྒྱ་གང་ཆེར་འགྲེམས་གཏོང་དང་དེབ་གཟུགས་པར་འགྲེམས་ཟིན་རིམ་བཞིན་དྲྭ་ཚིགས་ཐོག་འཇོག་མུས་ཡིན།
མང་ཚོགས་ཀྱི་ངོས་ནས་ཐ་སྙད་ཐོག་གོ་བསྡུར་སྦྱངས་བཤད་དང་བཀོལ་སྤྱོད་རྒྱ་གང་ཆེ་ཡོང་སླད། འདི་ལོ་ལྡེ་ར་ལྡུན་མངའ་ཁུལ་གྱི་བོད་མིའི་འདུ་སྡོད་གཞིས་ཆགས་དང་། སློབ་གྲྭ་ཁག་ནང་བརྡ་ཆད་གོ་རྟོགས་སྤེལ་རྒྱུའི་ལས་རིམ་འཆར་གཞི་སྒྲིག་པ་ལྟར་འདི་ག་བརྡ་ཆད་ཚན་པའི་ལས་བྱེད་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༩ དགོང་དྲོ་ཆུ་ཚོད་ ༧ ཐོག་བཞུགས་སྒར་རྡ་ས་ནས་རྡོག་ཐོན་གྱིས་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤོན་ཊ་ས་གནས་མི་མང་ལ་ཐ་སྙད་གོ་རྟོགས་སྤེལ་རྒྱུའི་ལས་རིམ་འགོ་འཛུགས་ཀྱིས་ཉིན་གྲངས་ལྔ་བསྟུད་མར་ཏེ། ཕྱི་ཚེས་ ༢༠ ཉིན་རྒྱབ་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམ་པ་དང་། ཕྱི་ཚེས་ ༢༡ སྔ་དྲོ་ཧ་སྤུར་ས་གནས་མི་མང་། ཉིན་རྒྱབ་སེ་ལ་ཀུའི་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་རྣམ་པ་དང་། ཕྱི་ཚེས་ ༢༢ ཉིན་རཱཇ་པུར་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་རྣམ་པ། ཕྱི་ཚེས་ ༢༣ ཉིན་དོན་གྲུབ་གླིང་ས་གནས་མི་མང་། ཕྱི་ཚེས་ ༢༤ སྔ་དྲོ་བདེ་སྐྱིད་གླིང་ས་གནས་མི་མང་། ཉིན་རྒྱབ་ཚེ་རིང་དོན་ལྡན་ས་གནས་མི་མང་བཅས་ལ་ཐ་སྙད་ཀྱི་གལ་གནད་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ། ད་བར་ཐ་སྙད་གཏན་འབེབས་ཟིན་པའི་གྲངས་འབོར་དང་དེབ་ཕྲེང་འདོན་སྤེལ་ཇི་ཞུས། སློབ་སྡེ་དང་མང་ཚོགས་སུ་གོ་རྟོགས་སྤེལ་ཚུལ་སོགས་གློག་སྟོན་བརྙན་རིས་ལམ་ནས་འགྲེལ་བརྗོད་མཐིལ་ཕྱིན་ཞུས་པ་དང་སྦྲགས། དྲི་བ་དྲིས་ལན་བྱས་པའི་བརྒྱུད་བགྲོ་གླེང་དང་གོ་རྟོགས་གང་ཐུབ་སྤེལ་ཐུབ་པ་བྱུང་ཡོད།
མཐའ་དོན་བོད་ཀྱི་སྐད་ཡིག་སྨྲ་བ་རྣམས་ཀྱིས་སྤྱི་ཐོག་ནས་གཏན་ལ་ཕབ་པའི་ཐ་སྙད་དེ་དག་སྐབས་འབྲེལ་འཇུག་ཡུལ་སོ་སོར་གཅིག་གྱུར་བཀོལ་སྤྱོད་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་གི་ངོ་བོ་སོར་གནས་དང་། ཡར་རྒྱས་ཡོང་ཐབས་སུ་མཉམ་རུབ་དང་རམ་འདེགས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་བཅས།

སྔོན་མ།
སྔོན་འགྲོའི་དགེ་རྒན་རྣམས་ལ་མོན་ཊེ་སོ་རིའི་ཨང་རྩིས་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འབྱེད་གནང་།
ཕྱི་མ།
ཕྱི་ལོ་ ༢༠༡༩ ལོའི་ UWC Horizon Foundation སློབ་ཡོན་གསལ་བསྒྲགས།
Menu