ཟླ་རེའི་གསར་འགྱུར།

བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་གི་སྔོན་དགེ་ཟབ་སྦྱོང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༣ ནས་ ༨ བར་ཉིན་དྲུག་རིང་འདི་ག་ཤེས་རིག་ལས་ཁུངས་དང་བལ་ཡུལ་གངས་ཅན་བདེ་རྩ་ཚོགས་པ་གཉིས་ཀྱིས་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་གི་སྔོན་དགེ་རྣམས་ལ་སྔོན་འགྲོའི་སློབ་ཁྲིད་ཐབས་ལམ་སྐོར་ལ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།    དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་དེ་བཞིན་གོང་ཚེས་ ༣ ཉིན་གྱི་སྔ་དྲོར་གཙུག་ལག་སློབ་གྲྭའི་མགོན་མེད་ཟས་སྦྱིན་གྱི་ཚོགས་ཁང་དུ་ཝར་ཎ་མཐོ་སློབ་སྒྲ་སྒྱུར་སྡེ་ཚན་གྱི་འགན་འཛིན་བློ་བཟང་ནོར་བུ་ཤཱསྟྲི་ལགས་གདན་ཞུས་ཀྱིས་ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ཕེབས་བསུ་དང་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་བའི་ནང་སྔོན་འགྲོའི་ཤེས་ཡོན་ནི་གལ་གནད་ཆེ་ཤོས་ཤིག་ཡིན་པ་མ་ཟད། སམ་བྷོ་ཊ་དང་བོད་ཁྱིམ་གཉིས་ཀྱི་སྔོན་སློབ་ཚང་མའི་ནང་ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་མོན་ཊ་སི་རིའི་ (montessori) ཤེས་ཡོན་ལམ་ལུགས་ལྟར་འགྲོ་བཞིན་ཡོད་སྐོར་དང་། ད་ལན་ཟབ་སྦྱོང་ནང་བལ་ཡུལ་སློབ་ཁག་བཅུ་གཅིག་གི་སྔོན་དགེ་གྲངས ༡༧ ལ་ཉིན་དྲུག་རིང་གོ་པལ་པུར་བོད་ཁྱིམ་སྔོན་དགེ་བྱམས་པ་དཔལ་མོ་ལགས་ནས་ཨང་རྩིས་སློབ་ཁྲིད་དང་རྒྱུན་ལྡན་བྱེད་སྒོའི་སྐོར། དྷ་སྟེང་བོད་ཁྱིམ་གྱི་སྔོན་དགེ་པད་མ་སྒྲོལ་མ་ལགས་ཀྱིས་བྱིས་པའི་གླུ་གཞས།
    དེ་བཞིན་ཝར་ཎ་མཐོ་སློབ་ཀྱི་སློབ་དཔོན་དགེ་བཤེས་ཐུབ་བསྟན་ལེགས་བཤད་ལགས་ནས་བློ་སྦྱོང་ཚིགས་བརྒྱད་མ་དང་གཞན་ཡང་ཤེས་ཡོན་སྲིད་བྱུས་ནང་སྔོན་སློབ་དང་འབྲེལ་བའི་དོན་ཚན་ཁག་དང་བོད་ཡིག་ཁྲིད་ཐབས། སྔོན་དགེ་ནང་ཁུལ་གོ་བསྡུར་དང་ཉམས་མྱོང་བརྗེ་རེས། ཝར་ཎ་མཐོ་སློབ་ལུས་དགེ་བསྟན་འཛིན་གཞན་ཕན་ལགས་ནས་ཡོ་གཱ་དང་པྲཎཱཡཱམ་བཅས་སློབ་ཁྲིད་གནང་གཏན་འཁེལ་ཡོད་པའི་སྐོར་འབྲེལ་བརྗོད་ཞུས། དེ་ནས་ཟབ་སྦྱོང་བཅར་མཁན་དགེ་རྒན་རྣམ་པ་སོ་སོའི་ལོ་རྒྱུས་ངོ་སྤྲོད་ཞུས་རྗེས། སྐུ་མགྲོན་གཙོ་བོ་བློ་བཟང་ནོར་བུ་ཤཱསྟྲི་མཆོག་ནས་སྤྱིར་ཤེས་ཡོན་གྱི་གལ་གནད་དང་ལྷག་པར་དུ་བཙོན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་འདི་ལྟ་བུ་གཏན་འབེབས་ཐུབ་པ་ནི་ལོ་རྒྱུས་ནང་གལ་གནད་ཆེ་ཤོས་ཤིག་ཆགས་པའི་སྐོར། གཞན་ཡང་སྔོན་འགྲོའི་སློབ་ཕྲུག་སློབ་གསོའི་ལས་དོན་གནང་ཕྱོགས་རིག་གཞུང་བདག་གཅེས་གནང་ཕྱོགས། གཞན་ཡང་ཨིན་ཇིས་སྲོལ་གཏོད་པའི་རྒྱ་གར་ཤེས་ཡོན་ལམ་ལུགས་ཀྱི་སྐྱོན་གནད་བཅས་ཀྱི་ལོ་རྒྱུས། དགེ་རྒན་གྱི་འོས་ཆོས་ཇི་འདྲ་ཚང་དགོས་མིན་དང་ལྷག་པར་ཀུན་སློང་འཁྱེར་སྟངས་སོགས་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང། དེ་ནས་བལ་ཡུལ་གངས་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱལ་ལགས་ནས་སྐུ་མགྲོན་གཙོ་བོ་མཆོག་དང་ཟབ་སྦྱོང་སློབ་ཁྲིད་གནང་མཁན། ལྷག་པར་ཝཎ་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གཙོས་འབྲེལ་ཡོད་རྣམས་ནས་ཟབ་སྦྱོང་ཚོགས་ཡུལ་སོགས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་དང། ཟབ་སྦྱོང་པ་རྣམས་ནས་ཟབ་སྦྱོང་དུས་ཡུན་རིང་ཆ་ཤས་གང་ལེགས་ལེན་ཐུབ་ཐབས་གནང་གལ་སྐོར་གསུང་ནས་དབུ་འབྱེད་མཛད་སྒོ་ལེགས་འགྲུབ་བྱུང་བ་དང་། ད་ལན་ཟབ་སྦྱོང་རིང་ཝཎ་མཐོ་སློབ་ཀྱི་ཚིག་མཛོད་སྡེ་ཚན་གྱི་ཉམས་ཞིབ་ལས་རོགས་བསྟན་འཛིན་ནོར་བུ་ལགས་ནས་འབྲེལ་མཐུད་མཐུན་འགྱུར་གནང་བཞིན་པ་བཅས།
 

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ།
ཕྱི་མ།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་གསུང་བཤད་གནང་བ།
Menu