ཟླ་རེའི་གསར་འགྱུར།

བསོད་ནམས་བཟང་མོ་ལགས་ལ་གསེར་གྱི་རྟགས་མ་ཐོབ་པ།

གསར་འཕྲིན།

༄༅། །བསོད་ནམས་བཟང་མོ་ལགས་ཀྱིས་རྒྱ་གར་གྱི་ཧ་རི་ཡཱ་ཎཱ་མངའ་སྡེའི་ཕ་རི་དཱ་བྷངྷ་ནང་རྟེན་གཞི་བྱས་པའི་སུ་ངྷ་རུ་སི་ཊ་གྷི་སོའི་སྨན་དཔྱད་རིག་པའི་མཐོ་སློབ་ཁང་ (Sudha Rustagi Dental College) དུ་སོའི་སྨན་དཔྱད་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་སྟེ་བསླབ་པ་ལེགས་པར་མཐར་སོན་བྱུང་ཡོད་པ་མ་ཟད། གསེར་གྱི་རྟགས་མ་ཡང་ཐོབ་ཡོད། སུ་ངྷ་རུ་སི་ཊ་གྷི་སོའི་སྨན་དཔྱད་རིག་པའི་མཐོ་སློབ་ཁང་གི་བསླབ་པ་མཐར་སོན་པའི་མཛད་སྒོའི་སྐབས་བསོད་ནམས་བཟང་མོ་ལགས་ལ་གསེར་གྱི་རྟགས་མ་གནང་ཡོད། བསོད་ནམས་བཟང་མོ་ལགས་ནི། ལ་དྭགས་བོད་ཁྱིམ་ནས་འཛིན་རིམ་ལྔ་པ་བར་སློབ་སྦྱོང་གནང་རྗེས་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་གནང་ཡོད། ཝི་མ་ལ་ཐེབས་རྩ་ཁང་གིས་ (Vimala Association) བསོད་ནམས་བཟང་མོ་ལགས་ལ་སློབ་ཡོན་གནང་ཡོད།བསོད་ནམས་བཟང་མོ་ལགས་ཀྱིས། སུ་ངྷ་རུ་སི་ཊ་གྷི་སོའི་སྨན་དཔྱད་རིག་པའི་མཐོ་སློབ་ཁང་དུ་བོད་པ་མོ་རང་གཅིག་པུ་ཡིན་པའི་སྐོར་དང་། མཐོ་སློབ་ཁང་གི་ལས་བྱེད་དང་འཛིན་གྲོགས་ཉུང་ཤས་ཤིག་གིས་མ་གཏོགས་བོད་ཀྱི་གནད་དོན་སྐོར་མཁྱེན་གྱི་མེད་པའི་སྐོར་གསུངས་ཡོད། གཞན་ཡང་ཁོང་གིས་བོད་པའི་སློབ་ཕྲུག་ཚོས་མཐོ་སློབ་ཏུ་སྣང་བ་སྐྱིད་པོ་བྱེད་ས་ཚོར་གྱི་ཡོད། འོན་ཀྱང་མཐོ་སློབ་ནི་འོད་སྟོང་འབར་བའི་མི་ཚེའི་མདུན་ལམ་བཟོ་སའི་བསྟི་གནས་ཤིག་ཆགས་ཡོད། མཐོ་སློབ་ཏུ་འགྲིམ་བཞིན་པའི་སྐབས་སྣང་བ་སྐྱིད་པོ་བྱེད་དགོས། དེ་དང་མཉམ་དུ་མ་འོངས་མི་ཚེའི་མདུན་ལམ་དང་ལས་ཀར་བསམ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས།ཕྱོགས་མཚུངས་ཁོང་གིས་གོ་སྐབས་འདི་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་། བོད་ཁྱིམ་སློབ་གྲྭའི་ལས་བྱེད། གྲོགས་པོ་གྲོགས་མོ། དེ་བཞིན་རང་ཉིད་ལ་ད་བར་རྒྱུན་དུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

བསོད་ནམས་བཟང་མོ་ལགས་ཀྱིས་ཕྱི་ལོ་ ༢༠༢༡ ལོར་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཐོན་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རོ་ཧི་ནིར་ཡོད་པའི་ཨེ་ཨེ་སི་ཨ་ཡི་སོའི་སྨན་དཔྱད་མཐོ་སློབ་ཁང་ (ESI Dental College and Hospital) དུ་དུས་ཡུན་ཐུང་ངུའི་རིང་ཉམས་མྱོང་གསོག་ཆེད་དུ་ཕྱག་ལས་གནང་བཞིན་ཡོད། ཤེས་རིག་ལས་ཁུངས་ནས་བསོད་ནམས་བཟང་མོ་ལགས་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་རྗེས་སུ་ཡི་རང་དང་འཚམས་འདྲི་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་ལྡི་ལིར་ཟབ་སྦྱོང་དུ་མཉམ་ཞུགས་གནང་བ།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་དགུ་པ་བསྐོང་ཚོགས་གནང་བ།
Menu