ཟླ་རེའི་གསར་འགྱུར།

བོད་པའི་དགེ་སློབ་ནས་སཱི་ཤེས་ཡོན་སློབ་གསོའི་ཚོགས་ཆེན་དུ་མཉམ་ཞུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ དང་ ༡༠ ཉིན་ཏཱ་ལའི་བླ་མ་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ཐུན་མོང་ནས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི། སཱི་ཤེས་ཡོན་སློབ་གསོའི་ཚོགས་ཆེན་ཞིག་གོ་སྒྲིག་གནང་ཡོད།

ཉིན་གཉིས་ཀྱི་ཚོགས་ཆེན་ནང་ཚོགས་ཐུན་བརྒྱད་ཡོད་པའི་བརྗོད་གཞི་ཁག་སཱི་ཤེས་ཡོན་སློབ་གསོའི་ལག་བསྟར་གྱི་ཐབས་ལམ་དང་། སྙིང་རྗེ། སློབ་ཕྲུག་གི་གྲུབ་འབྲས་དང་དར་རྒྱས་ལ་སཱི་ཤེས་ཡོན་སློབ་གསོའི་ཕན་ནུས། ཚོགས་སྡེ་ཁག་གི་ནང་སཱི་ཤེས་ཡོན་སློབ་གསོ་ལག་བསྟར། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར། བྱམས་བརྩེའི་སྒོམ་སྒྲུབ། སཱི་ཤེས་ཡོན་སློབ་གསོའི་ཤུགས་རྐྱེན་དང་མ་འོངས་ཁ་ཕྱོགས་སོགས་ཡིན།

ཉིན་དང་པོའི་ཚོགས་ཐུན་དང་པོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་དོན་བཀའ་སློབ་སྩལ་ཡོད། དེའི་སྐབས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་ཕཱེན་ཝེ་སེ་ལགས་དང་གཙོ་འཛིན་གཞོན་པ་རཱ་ཝི་བྷེ་ལམ་ཀོན་ཌ་ལགས་ཀྱིས་དབུ་འབྱེད་གསུང་བཤད་དང་། འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ཚོགས་ཐུན་དང་པོ་གཙོ་སྐྱོང་གནང་ཡོད། ཚོགས་ཐུན་དང་པོའི་ནང་རྒྱལ་ཁབ་མི་འདྲ་བ་བཞིའི་སློབ་ཕྲུག་ནས་མཉམ་ཞུགས་གནང་ཡོད།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་པའི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་བཅུ་བདུན་ཙམ་ཟུར་ཉན་གྱི་ཐོག་ནས་མཉམ་ཞུགས་དང་། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཚོགས་ཐུན་དྲུག་པའི་ནང་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད། དེ་བཞིན་བོད་པའི་དགེ་རྒན་དང་སློབ་ཕྲུག་ཡོངས་ཀྱི་སྐུ་ཚབ་ཏུ་སེ་ལ་ཁུའེ་བོད་ཁྱིམ་སློབ་གྲྭའི་ཨིན་དགེ་ཚེ་རིང་བུ་འཁྲིད་ལགས་དང་སཾ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རིག་འཛིན་རྣམ་རྒྱལ་ལགས་ཀྱིས་དགེ་རྒན་དང་སློབ་ཕྲུག་གི་བགྲོ་གླེང་སོ་སོའི་ནང་མཉམ་ཞུགས་གནང་ཡོད།

ཟབ་སྦྱོང་ཉིན་གཉིས་པའི་ཉིན་རྒྱབ་ལ་ཆུ་ཚོད་ཕྱེད་ཀའི་རིང་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་བརྩོན་འགྲུས་བསམ་འཕེལ་ལགས་གཉིས་ནས་བོད་རིགས་དགེ་ལས་ཚོར་ཟུར་དུ་ལམ་སྟོན་ཁག་གནང་ཡོད། སུད་སི་ས་གནས་རེ་ཀོང་ཚོགས་ཆུང་བརྒྱུད་ནས་ཚོགས་ཆུང་གི་ཚོགས་མི་ཚེ་འདས་ཚེ་སྒྲོལ་མཚམས་ལགས་ཀྱིས་དཔལ་འབྱོར་མཐུན་འགྱུར་གནང་བ་ལ་བརྟེན་ནས་བོད་པའི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ཚོགས་ཆེན་འདིར་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད་པ་བཅས། །

སྔོན་མ།
ཤེས་རིག་དྲུང་ཆེ་དང་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་གཉིས་ནས་རྒྱ་གར་དབུས་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu