ཟླ་རེའི་གསར་འགྱུར།

བོད་པའི་སློབ་གྲྭ་ཁག་གཅིག་གི་ནང་སོའི་འཕྲོད་བསྟེན་སྐོར་སློབ་གསོ་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཐེ་ཝན་སོའི་སྨན་པའི་ལྷན་ཚོགས་ (Taiwan dental association) ཞེས་པའི་ཚོགས་པ་དང། ཐེ་ཝན་འཕྲོད་བསྟེན་མཉམ་འབྲེལ་ཚོགས་པ་ (Taiwan health CO-OP organisation) ཞེས་ཁ་ཐེ (Cathy general hospital) ཞེས་པའི་སྨན་ཁང་བཅས་མཉམ་འབྲེལ་ཐོག ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ ནས་ ༡༨ བར་སམ་བྷོ་ཊ་ཁྱབ་ཁོངས་སྦིར་དང། ཅོན་ཏ་ར། དྷ་སའི་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་སོའི་འཕྲོད་བསྟེན་དང་འབྲེལ་བའི་སློབ་གསོ་དང་སོའི་བརྟག་དཔྱད་ཀྱང་གནང་ཡོད།
    ཐེ་ཝན་ནས་ཕེབས་པའི་སྨན་པ་ཧང་ (Dr Huang) ལགས་ཀྱིས་སྣེ་འཁྲིད་པའི་སོའི་སྨན་པ་དང་སྨན་ཞབས་པ་ ༡༠ ནས་སློབ་གྲྭའི་སློབ་ཕྲུག་སྤྱི་ཡོངས་ཀྱི་སོའི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུར་དམིགས་ཏེ། གོང་གསལ་སློབ་གྲྭ་ཁག་གི་ནང་ཆེད་ཕེབས་གནང་ཡོད། སོའི་བརྟག་དཔྱད་སྐབས་སོའི་ནད་གཞི་ཛ་དྲག་ཡོད་པའི་སློབ་ཕྲུག་རྣམས་ལ་སྦིར་འཕྲོད་བསྟེན་སྨན་ཁང་དུ་སྨན་བཅོས་བྱས་ཡོད། དེ་བཞིན་སློབ་ཕྲུག་རྣམས་ལ་སློབ་གྲྭའི་ནང་སོའི་འཕྲོད་བསྟེན་དང་འབྲེལ་བའི་སློབ་གསོ་གནང་བ་དང་ཆབས་ཅིག སློབ་ཕྲུག་རྣམས་ཀྱི་སོ་གཙང་བཟོ་བྱས་ཡོད་ལ། སློབ་ཕྲུག་རྣམས་ལ་སོ་འཁྲུ་རེ་རེ་ཡང་གནང་འདུག
    ཕྱོགས་མཚུངས་ཕྱི་ཟླ་ ༡༡ ནང་འདི་ལྟ་བུའི་སོའི་འཕྲོད་བསྟེན་ཡར་རྒྱས་ཀྱི་སློབ་གསོའི་ལས་རིམ་དེ་བཞིན་སིམ་ལ་དང། ཌལ་ཧོར། དྷ་རམ་ས་ལ་བཅས་སུ་གོ་སྒྲིག་ཞུ་འཆར་ཡོད་སྐོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཀྱིས་འགྲེལ་བརྗོད་གནང་འདུག་པ་བཅས།།

སྔོན་མ།
པེ་ས་ཊ་ལོ་ཛིའི་སློབ་ཡོན་ཐོབ་ཆེད་སློབ་མ་ ༡༧ འདེམས་རྒྱུགས་ནང་མཉམ་ཞུགས་གནང་བ།
ཕྱི་མ།
མ་སུ་རི་བོད་ཁྱིམ་དུ་ཟུར་སྦྱོང་དབུ་འཛུགས་གནང་བ།
Menu