ཟླ་རེའི་གསར་འགྱུར།

བོད་པའི་སློབ་ཕྲུག་བུ་མོ་ཞིག་ལ་གསེར་གྱི་རྟགས་མ་ཐོབ་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ནང་ཝི་ཇེ་ཝ་ཌ་གཙུག་ལག་སློབ་གྲྭ་ཆེན་མོའི་ (Maris Stella Autonomous College in Vijayawada) ནང་ཚོང་རིག་ཐོག་ཡིག་རྒྱུགས་གཟེངས་སུ་ཐོན་པའི་བོད་པའི་སློབ་ཕྲུག་བུ་མོ་སྐལ་བཟང་ལགས་ལ་གཙུག་ལག་སློབ་གྲྭའི་ལོ་འཁོར་བསླབ་པ་མཐར་སོན་པའི་དགའ་སྟོན་རྟེན་འབྲེལ་མཛད་སྒོའི་ཐོག་གསེར་གྱི་གཟེངས་རྟགས་གསོལ་རས་གནང་འདུག
    སྦེང་ལོར་བོད་ཁྱིམ་བོད་ཀྱི་གཞོན་ནུའི་སྡོད་ཁང་ (Tibetan Youth Hostel in Bangalore) གི་འཛིན་སྐྱོང་འགན་འཛིན་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། སློབ་མ་སྐལ་བཟང་ལགས་ཀྱིས་ལོ་གསུམ་རིང་ཁྱོན་བསྡོམས་ཡིག་རྒྱུགས་ཀྱི་བརྒྱ་ཆ་ ༨༠ ལྷག་བླངས་ཏེ་ཨང་རིམ་དང་པོ་ཆགས་ཡོད། ཁོ་མོའི་གཟེངས་སུ་ཐོན་པའི་གྲུབ་འབྲས་འདི་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་བཞིན་ཁོ་མོའི་གྲུབ་འབྲས་འདི་བརྒྱུད་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་གནས་ཚད་གོང་སྤེལ་ཡོང་རྒྱུར་སྙིང་སྟོབས་འཕེལ་ཐུབ་པ་བྱུང་བ་མ་ཟད། བོད་པའི་སློབ་ཕྲུག་གཞན་རྣམས་ཀྱིས་མུ་མཐུད་སློབ་གཉེར་ཡག་པོ་བྱ་རྒྱུར་བློ་སྤོབས་ཀྱང་བསྐྲུན་ཡོད། སྐལ་བཟང་ལགས་ད་ཆ་མོན་ཊི་ཀར་མེལ་མཐོ་སློབ་(Mount Carmel College) ནང་མུ་མཐུད་ཚོང་རིག་སློབ་དཔོན་གནས་རིམ་ཐོག་སློབ་སྦྱོང་གནང་བཞིན་ཡོད་པ་དང་། ཁོ་མོ་གོ་པལ་པུར་བོད་ཁྱིམ་ནས་གཞི་རིམ་སློབ་སྦྱོང་གནང་རྗེས་སྦེལ་ཀོབ་བོད་ཁྱིམ་ནང་སློབ་སྦྱོང་གནང་ཡོད།  སྐལ་བཟང་ལགས་ནི་བོད་ནང་འབྲོག་པའི་ཁྱིམ་ཚང་ཆུང་ངུ་ཞིག་ཏུ་སྐྱེས་ཏེ་ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཡོད་འདུག་པ་བཅས།།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

སྔོན་མ།
ཚོང་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།
ཕྱི་མ།
འབྱུང་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།
Menu