ཟླ་རེའི་གསར་འགྱུར།

བོད་མིའི་ཤེས་ཡོན་ལས་འཆར་གཞུང་འབྲེལ་དབུ་འཛུགས་གནང་བའི་གསལ་བསྒྲགས་གནང་།

གསར་འཕྲིན།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཀའ་ཤག་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་དང་ཨ་རི་བོད་ཀྱི་ཐེབས་རྩ་ཁང་གི་ཚོགས་གཙོ་རིན་ཆེན་དར་ལོ་ལགས་གཉིས་ཀྱིས་གསར་འགོད་པ་གྲངས་ ༡༢ ཙམ་འདུ་འཛོམས་བྱུང་ཡོད་པ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་བོད་མིའི་ཤེས་ཡོན་ལས་འཆར་དབུ་འཛུགས་གནང་བའི་གཞུང་འབྲེལ་གསལ་བསྒྲགས་བསྐྱངས།
དེ་ཡང་ཐོག་མར་དྲུང་འཕར་སྟོབས་རྒྱལ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་བོད་ཡིག་ཐོག་ཡོད་པ་སྒྲོགས་སྦྱང་གནང་བ་དང། དེ་རྗེས་ཨ་རི་བོད་ཀྱི་ཐེབས་རྩ་ཁང་གི་ཚོགས་གཙོ་རིན་ཆེན་དར་ལོ་ལགས་ཀྱིས་གསུང་བཤད་གནང་དོན། བོད་ཀྱི་ཐེབས་རྩ་ཁང་འདི་བོད་མིའི་ཆོས་དང་ཤེས་རིག འཕྲོད་བསྟེན་མི་ཉམས་གོང་འཕེལ་དང་། དེ་བཞིན་གཞིས་ཆགས་སྲ་བརྟན་ཡོང་བའི་ལས་གཞི་སྣ་ཚོགས་ལ་རོགས་སྐྱོར་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་གསར་འཛུགས་གནང་ནས་ད་ཆ་མི་ལོ་ ༣༡ ཧྲིལ་པོ་འཁོར་བཞིན་ཡོད། དུས་ཡུན་དེའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཆེ་ཁག་དང་བོད་ཁྱིམ་གྱི་གཙོས་པའི་སློབ་གྲྭ་ཁག་ལ་བོད་ཕྲུག་གི་ཤེས་ཡོན་ལས་གཞི་འདྲ་མིན་སྣ་ཚོགས་དང་། བདེ་ལེགས་སྨན་ཁང་གིས་གཙོས་པའི་ནད་རིམས་སྔོན་འགོག་ལ་སོགས་པའི་འཕྲོད་བསྟེན་གྱི་ལས་གཞི། རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་མང་པོའི་ནང་གི་འཐུང་ཆུ་དང་ཞིང་ལས། མང་ཚོགས་ཀྱི་སྤྱི་ཁང། མགྲོན་ཁང། རྒན་གསོ་ཁང་གསར་རྒྱག་སོགས་ལས་གཞི་མང་པོ་ཞིག་ལ་མིག་སྨན་མིག་ཐོག་ཏུ་ཕན་པའི་རོགས་སྐྱོར་གང་འཚམ་ཞུས་ཡོད།
རྡ་ས་ཁོ་ནར་ཆ་མཚོན་ན། བོད་ཕྲུག་ཁྱིམ་སྡེར་ང་ཚོས་རོགས་རམ་ཤུགས་ཆེན་པོ་ཞུ་བཞིན་ཡོད། ཕྱོགས་མཚུངས་བོད་ཀྱི་ཟློས་གར་ཚོགས་པའི་ནང་བརྒྱུད་ལམ་ (multi media) ཚན་པ་གསར་འཛུགས་དང། དཔེ་མཛོད་ཉམས་གསོ། དེ་བཞིན་འཛིན་ཆས་ཀྱི་མཐུན་འགྱུར་ཞུ་མུས་ཡིན། གཞན་ཡང་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་འཛིན་གྲྭ་ཁག་ལྔ་དང་དཔེ་མཛོད་ཁང་གསར་བཞེངས་ཀྱི་རོགས་རམ་ཞུས་ཡོད། དེ་བཞིན་གཙུག་ལག་ཁང་གི་མདུན་དུ་མི་མང་གི་གསང་སྤྱོད་དང་ཁྲུས་ཁང་རྒྱག་རྒྱུར་རོགས་རམ་མང་ཆེ་བ་ང་ཚོས་ཞུས་ཡོད། དེ་བཞིན་ལྷ་རྒྱལ་རིའི་རྒྱབ་ཏུ་རྒས་གསོ་ཁང་གསར་འཛུགས་སྐབས་བོད་ཀྱི་ཐེབས་རྩ་ཁང་ནས་མཐུན་འགྱུར་གང་འཚམ་ཞུས་ཡོད། དེའི་ཉེ་འགྲམ་དུ་ལས་བྱེད་བགྲེས་ཡོལ་བཞུགས་ས་ཞིག་ཡོད་པ་དེའི་མཐུན་འགྱུར་ཡང་ཆ་ཚང་ང་ཚོས་ཞུས་ཡོད། གངས་སྐྱིད་སྤྱི་ཐབ་རྒྱ་བསྐྱེད་དང་དངོས་ཆས་ཐོག་རོགས་རམ་ཕུལ་ཡོད།
ལས་བྱེད་བཞུགས་སའི་ཤག་ ༡༤ ཡོད་པ་དེ་ཡང་བོད་ཀྱི་ཐེབས་རྩ་ཁང་གིས་བརྒྱབ་ཡོད།
            དེ་མཚུངས་ང་ཚོས་བདེ་ལེགས་སྨན་ཁང་ལ་རོགས་པ་ཤུགས་ཆེན་པོ་ཞུ་བཞིན་ཡོད། སྨན་རྩིས་ཁང་ལ་ཆ་བཞག་ནའང་སྔོན་མ་འདིར་ནད་པ་ཉལ་ས་གཅིག་ཡོད་པ་དེ་ང་ཚོས་བརྒྱབ་ཡོད། དེ་བཞིན་ལྷན་ཁང་ཆེ་ཁག་ཡོངས་སུ་རྫོགས་པར་ང་ཚོས་མཐུན་འགྱུར་ཞུ་བཞིན་ཡོད། ཤེས་རིག་ལྟ་བུར་ཆ་མཚོན་ན་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་ ༡༥ ལ་ང་ཚོས་གློག་ཀླད་ཀྱི་ཆ་རྐྱེན་ཕུལ་བ་དང། ནང་སྲིད་ལས་ཁུངས་ལ་ཆ་བཞག་ནའང་ཕྱི་ལོ་ ༡༩༩༩ ལོར་གཞིས་ཆགས་ཡོངས་སུ་རྫོགས་པར་ཨིན་ཊར་ནེ་ཊིའི་མཐུད་བརྒྱབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། དྲུང་འཕར་སྟོབས་རྒྱལ་ལགས་ཀྱིས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ཀྱི་ལས་འཆར་འདི་དགེ་རྒན་གྱི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་དང། སློབ་ཡོན་གྱི་འཆར་གཞི་རྒྱ་བསྐྱེད། མདུན་ལམ་སློབ་སྟོན་ཡར་རྒྱས་གཏོང་རྒྱུ། ཚན་རིག་དང་འཕྲུལ་རིག་བཅས་ཀྱི་ཤེས་ཡོན་གལ་ཆེར་བརྩི་རྒྱུ། འབྲིང་རིམ་སློབ་ཕྲུག་ཚོར་ཡིག་རྒྱུགས་གྲ་སྒྲིག་ཆེད་ཟུར་སྦྱོང་སྤྲོད་རྒྱུ། ཤེས་ཡོན་སློབ་གསོའི་འཛིན་སྐྱོང་བཀོད་བྱུས་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོག་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད། དེ་རྗེས་ཁོང་རྣམ་གཉིས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།
གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བ་རྣམས་གཤལ་གསལ།
རྒྱ་གར་རྡ་རམ་ཤ་ལ་དབུས་བོད་མིའི་སྒྲིག་འཛུགས་ནས་དགའ་སྤྲོ་དང་བཅས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་ (USAID) གིས་འགྲོ་གྲོན་མཐུན་འགྱུར་སྦྱར་བའི་ལོ་གཉིས་ཀྱི་བོད་མིའི་ཤེས་ཡོན་ལས་འཆར་དེ་དབུ་འཛུགས་ཀྱི་གསལ་བསྒྲགས་བྱེད་ཀྱི་ཡོད། ལས་འཆར་འདི་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་སྤེལ་རྒྱུའི་ཆེད་དུ་ཡིན། ཞེས་འཁོད་ཡོད།
ལས་འཆར་འདིའི་ཆེད་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་ནས་འདི་ལོ་ཕྱི་ཟླ་དགུ་པའི་ནང་ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་ལ་ཨ་སྒོར་ཌོ་ལར་ས་ཡ་གཉིས་གནང་ཡོད། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ནས་འབད་བརྩོན་གསར་པ་འདིས་བོད་མིའི་ཤེས་ཡོན་ལམ་ལུགས་སྤྱི་ཡོངས་ནས་ཤུགས་སྣོན་དང༌། དེ་ཡང་སྲིད་སྐྱོང་མཆོག་གིས། ངའི་འཛིན་སྐྱོང་གི་ཤེས་ཡོན་གྱི་དམིགས་ཡུལ་གཙོ་བོ་འགའ་ཤས་ལག་བསྟར་ཆེད་དགོས་གལ་ཆེ་བའི་འགྲོ་གྲོན་གྱི་མཐུན་རྐྱེན་ཡོང་ངེས་ལ་སོང༌། ཨ་རི་གཞུང་གི་ USAID ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་མཱ་རི་ཡཱ་ཨོ་ཊེ་རོ་མཆོག(Mario Otero) དང་བོད་དོན་ཐོག་ཨ་རིའི་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་བཅས་ཀྱིས་ལས་འཆར་འདི་ངོས་བཞེས་གནང་རྒྱུར་དམིགས་བསལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ཞེས་གསུངས་པ་ལྟར། བོད་མིའི་ཤེས་ཡོན་གྱི་གནད་དོན་གལ་ཆེར་བཟུང་བ་རྣམས་ལག་ལེན་དོན་འཁྱོལ་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་མཉམ་ལས་དམ་ཟབ་ཐོག་བོད་མིའི་ཤེས་ཡོན་ལས་འཆར་འདི་ལག་བསྟར་བྱ་རྒྱུ་ཡིན།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གར་ནང་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ཁང་གི་ངེས་སྟོན་པ་སྐུ་ཞབས་ William Hammick རྣམ་གཉིས་ཟུང་འབྲེལ་གྱིས་དེ་རིང་སྔ་དྲོ་ལས་འཆར་དབུ་འབྱེད་སྐབས་ USAID གྱི་གྲོས་མཐུན་དཔོན་རིགས་སྐུ་ཚབ་སྐུ་ཞབས་ Sang Lee དང༌། བོད་ཀྱི་ཐེབས་རྩ་ཁང་གི་ཚོགས་གཙོ་རིན་ཆེན་དར་ལོ་ལགས། ཚོགས་གཙོ་གཞོན་པ་སྐུ་ཞབས་ Bob Ankerson ལགས། ཤེས་རིག་ལས་ཁུངས་ཐེ་བའི་དབུས་ལས་ཁུངས་ཁག་གི་མཛད་གཙོ་རྣམས་ངོ་ཕེབས་གནང་ཡོད།
བོད་མིའི་ཤེས་ཡོན་ལས་འཆར་འདི་བོད་མིའི་ཤེས་ཡོན་ལམ་ལུགས་སྲ་བརྟན་དང༌། གསར་གཏོད། དཔེ་སྟོན་གྱི་ལམ་ནས་བོད་མི་གཞོན་སྐྱེས་ཚོར་དེང་དུས་ཆེད་ལས་སློབ་སྦྱོང་མཐར་ཕྱིན་པ་དང༌། བློ་རྒྱ་ཆེ་ལ་ནུས་པ་ལྡན་པའི་འགོ་ཁྲིད། གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ནང་འཚོ་ཐབས་ཡར་རྒྱས་ཡོང་བ་དང་ཆབས་ཅིག་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་དང་རིག་གཞུང་རྒྱུན་སྐྱོང་ཐུབ་པར་རམ་འདེགས་བྱས་པ་བརྒྱུད་རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་སྲ་བརྟན་གྱི་ནུས་པ་བསྐྱར་གསོ་ཐུབ་ཐབས་ལ་འབད་རྒྱུ་ཡིན། དེ་མཚུངས་ལས་འཆར་འདིས་དགེ་རྒན་གྱི་ཤེས་ཚད་གོང་འཕེལ་དང་སྦྱོང་བརྡར། སློབ་ཡོན་འཆར་གཞི་རྒྱ་བསྐྱེད། མདུན་ལམ་སློན་སྟོན་ཡར་རྒྱས། ཚན་རིག་དང་འཕྲུལ་ལས། འཛུགས་སྐྲུན་སྣེ་ཁྲིད། ཨང་རྩིས་བཅས་ཀྱི་ཤེས་ཡོན་ལ་གལ་ཆེར་བརྩི་རྒྱུ། འབྲིང་རིམ་སློབ་ཕྲུག་ཚོར་ཡིག་རྒྱུགས་གྲ་སྒྲིག་ཆེད་ཟུར་སྦྱོང་སྤྲོད་རྒྱུ། ཤེས་ཡོན་སློབ་གསོའི་འཛིན་སྐྱོང་བཀོད་བྱུས་ཡར་རྒྱས་གཏོང་རྒྱུ་བཅས་འཁོད་ཡོད།།
སྔོན་མ།
མཐོ་སློབ་སློབ་ཡོན་འཆར་གཞི་གསར་པ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།
ཕྱི་མ།
ཤེས་རིག་དྲུང་ཆེ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།
Menu