ཟླ་རེའི་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་དང་འགུལ་བརྙན་ཁག་གཅིག་དབུ་འབྱེད་དང་འབྲེལ་དཔེ་དེབ་ཁྲོམ་འདུས་ཤིག་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༤ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་མེག་གྷན་བོད་ཁྱིམ་ཉིན་སློབ་ཏུ་ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་དཔེ་དེབ་དང་འགུལ་བརྙན་ཁག་གཅིག་དབུ་འབྱེད་དང་འབྲེལ་དཔེ་དེབ་ཁྲོམ་འདུས་གོ་སྒྲིག་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་མེག་གྷན་བོད་ཁྱིམ་ཉིན་སློབ་ཀྱི་ཚོགས་ཁང་དུ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། རྡ་ས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས། གཞན་ཡང་གསུང་བཤད་པ་རྣམ་པ་དང་། ཕྲུ་གུ་ཕ་མ་གཙོས་པའི་མི་མང་ཚང་འཛོམས་ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཤེས་རིག་ལས་ཁུངས་ནས་པར་སྐྲུན་གནང་པའི་དཔེ་དེབ་ ༡༨ དང་། བྱིས་པའི་འགུལ་བརྙན་ ༡༡ དབུ་འབྱེད་གནང་བ་དང་འབྲེལ། ཁོང་གིས་དཔེ་དེབ་ཁྲོམ་འདུས་དང་དཔེ་ཀློག་གི་གལ་གནད། ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་ཕྲུ་གུར་དཔེ་ཀློག་གོམས་གཤིས་སྐྲུན་གལ་སྐོར། དེ་བཞིན་བྱིས་སྒྲུང་པར་སྐྲུན་ཞུ་གལ་དང་བཙན་བྱོལ་ནང་དུ་བྱིས་སྒྲུང་གསར་རྩོམ་དང་ཕབ་སྒྱུར་གྱི་འཕེལ་རིམ་སོགས་ངོ་སྤྲོད་གནང་སོང་།

སྤྱིར་བརྩམས་སྒྲུང་བོད་སྒྱུར་གྱི་ལས་དོན་དེ་བཞིན་ཕྱི་རྒྱལ་རོགས་ཚོགས་ཤིག་གི་མཐུན་འགྱུར་འོག་ཤེས་རིག་ལས་ཁུངས་ཀྱིས་ལག་བསྟར་གནང་བཞིན་པའི་ལས་གཞི་གལ་ཆེ་ཞིག་ཡིན་པ་དང་། ལས་གཞི་དེ་བརྒྱུད་ཕྱི་སྐད་དུ་ཡོད་པའི་བརྩམས་སྒྲུང་བཞི་བཅུ་ཙམ་ཞིག་བོད་སྐད་དུ་བསྒྱུར་འཆར་ཡོད་པ་ལྟར། དཔེ་དེབ་ ༡༨ ཕབ་སྒྱུར་ལེགས་པར་ཟིན་ཏེ་དེ་རིང་དབུ་འབྱེད་དང་རིན་མེད་འགྲེམས་སྤེལ་གནང་ཡོད་པ་དང་། དེ་འཕྲོས་དཔེ་དེབ་ཉི་ཤུ་སྐོར་རིང་མིན་ཕབ་སྒྱུར་ཟིན་ཕྲལ་དབུ་འབྱེད་འགྲེམས་སྤེལ་གནང་འཆར་ཡོད་པ་རེད། ཕྱོགས་མཚུངས་བོད་ནང་དུ་པར་སྐྲུན་ཟིན་པའི་དཔེ་དེབ་གལ་ཆེ་བཅུ་དྲག་འདེམས་ཀྱིས་པར་སྐྲུན་དང་འགྲེམས་སྤེལ་ཡང་གནང་ཡོད།

དེ་བཞིན་དབུ་འབྱེད་མཛད་སྒོའི་ཐོག་ངོ་ཕེབས་ཕྲུ་གུ་དང་ཕ་མ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་བྱིས་པའི་ཀློག་རྩལ་ལས་གཞིའི་འབྲེལ་མཐུད་པ་བསོད་ནམས་གང་བཟང་ལགས་ཀྱིས་སྒྲུང་གཏམ་བཤད་རྒྱུའི་གལ་གནད་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་བོད་ཀྱི་སྐད་ཡིག་རྒྱུས་སྟོན་པ་པ་སངས་ཚེ་རིང་ལགས་ཀྱིས་ཕྲུ་གུ་སྐད་ཡིག་འཚར་ལོངས་ཐད་ཕ་མའི་ལས་འགན་དང་གོ་སྐབས། རྡ་ས་བོད་ཁྱིམ་ཨིན་ཇིའི་སྐད་ཡིག་རྒྱུས་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་དཔེ་ཀློག་གི་གལ་གནད། སྒྲུང་དེབ་བོད་སྒྱུར་བའི་སྐུ་ཚབ་ཆོས་རྒྱལ་སྐྱབས་ལགས་ཀྱིས་བོད་སྒྱུར་ལས་གཞིའི་བརྒྱུད་རིམ་བཅས་ངོ་སྤྲོད་གནང་ཡོད།

ཉིན་གཅིག་གི་དཔེ་དེབ་ཁྲོམ་འདུས་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་དཔེ་དེབ་འགྲེམས་སྟོན་དང་། ཤེས་རིག་དཔར་ཁང་། རྡ་ས་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་ཚོགས་པ། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་བཅས་ནས་པར་སྐྲུན་ཞུས་པའི་དཔེ་དེབ་དང་བྱིས་པའི་ཤེས་རིག་དང་འབྲེལ་བའི་དཔེ་རིས་སོགས་འགྲེམས་སྟོན་དང་ཚོང་འགྲེམས་གནང་ཡོད་པ་བཅས།།

སྔོན་མ།
ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།
ཕྱི་མ།
ཕྱི་ལོ་ ༢༠༢༢ ལོའི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་གསལ་བསྒྲགས།
Menu