ཟླ་རེའི་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་མོན་གྷོ་སཾ་བྷོ་ཊ་སློབ་གྲྭའི་སློབ་གཉེར་བ་རྣམས་ལ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་ཞུས་པ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༠༢ ནས་ ༠༦ བར་མོན་གྷོ་སཾ་བྷོ་ཊ་སློབ་གྲྭའི་འཛིན་རིམ་བརྒྱད་པ་ནས་བཅུ་པ་བར་གྱི་སློབ་གཉེར་བ་རྣམས་ལ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།

དེ་ཡང་མཛད་སྒོའི་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་མཉམ་ཞུགས་པ་རྣམས་ལ་དགའ་བསུ་དང་འབྲེལ་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་སྟེ། སློབ་གཉེར་བའི་འགོ་ཁྲིད་སྐྱེད་སྲིང་སླད་སློབ་ཕྲུག་ནང་ཁུལ་ཚོགས་ཆུང་བསྐོ་འཛུགས་ཀྱིས་གོ་སྐབས་སྣ་མང་བསྐྲུན་རྒྱུའི་ཐད་ངོ་སྤྲོད་གནང་ཞིང་། ཟབ་སྦྱོང་གྲོལ་མཚམས་སློབ་གྲྭའི་ནང་སློབ་གཉེར་བའི་ཁམས་དང་མོས་པ་གཞིར་བཟུང་ཚོགས་ཆུང་སྣ་ཚོགས་བསྐོ་འཛུགས་གནང་རྒྱུ་དང་། ཚོགས་ཆུང་གི་འགན་ཡོངས་རྫོགས་སློབ་གཉེར་བས་རྐང་ཁུར་ཐོག་མདུན་ལམ་སློབ་སྟོན་པས་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུ་དང་དགེ་རྒན་རྣམས་ཀྱིས་སློབ་སྟོན་གནང་རྒྱུ་རེད་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་ཀྱིས་ཤེས་རིག་ལས་ཁུངས་ངོས་ནས་སློབ་མའི་ཤེས་རིག་ཡར་རྒྱས་ཆེད་ལས་གཞི་སྣ་ཚོགས་བརྩམ་རྒྱུ་མཚོན་ས་གནས་ཀྱི་ཕ་མ་ཚོགས་ཆུང་དང་། གཞུང་ཁོངས་མིན་པའི་ཚོགས་པ། ཤེེས་རིག་ལས་ཁུངས་བཅས་མཉམ་རུབ་ཀྱིས་སློབ་ཕྲུག་གི་བཟང་སྤྱོད་གོང་འཕེལ་སླད་སྐུ་ལས་སྐྱོན་པར་ལེགས་གསོལ་བསྔགས་བརྗོད་གནང་།

དབུ་འབྱེད་མཛད་སྒོའི་ཐོག་གཞན་ཡང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་། མོན་གྷོ་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། ས་གནས་མཉམ་འབྲེལ་གྱི་ཚོགས་གཙོ། གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཚོགས་ཞུགས་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་ལ་ཏེ་ལངྒཱ་ནཱར་རྟེན་གཞི་བྱས་པའི་གཟེངས་རྟགས་ཐོབ་མྱོང་མཁན་གྱི་ཤེས་རིག་དང་འབྲེལ་བའི་ཚོགས་པ་ (KAARMIC Education & adventureX) ཞེས་པའི་སྤྱི་ཁྱབ་འགན་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ཨཱ་དིཏྱཱ་སུ་བྲ་མཎྱམ་ལགས་དང་ཁོང་གི་ལས་རོགས་རྣམས་ཀྱིས་ཕྱག་རོགས་གནང་བའི་ཐོག་ཚོགས་ཞུགས་པ་རྣམས་ལ་ཉིན་ལྔའི་རིང་དམིགས་ཡུལ་འཛིན་སྟངས་དང་། སོ་ནམ་ཞིང་ལས་དང་གསར་གཏོད། སྔོ་ཚལ་འདེབས་འཛུགས། ཕྱི་རྒྱལ་སྐད་ཡིག གནམ་གཤིས་འགྱུར་ལྡོག་དང་འཕྲུག་རིག དོན་ཕན་ལྡན་པའི་གཉེན་ཆས་དང་དྲ་ཚིགས། སྒྲུང་གཏམ་བཤད་རྒྱུ་དང་ཟློས་གར་ལ་སོགས་པ་སློབ་ཁྲིད་གནང་གི་ཡོད།

ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ཞེས་པའི་མཐུན་རྐྱེན་སྦྱར་བའི་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་བརྒྱུད་མཉམ་ཞུགས་པ་རྣམས་ནས་རང་ཉིད་ཀྱི་སྐོར་སྔར་ལྷག་ཤེས་རྟོགས་དང་། སྤྱི་ཚོགས་ནང་དཀའ་རྙོག་སེལ་ཐབས་སུ་དོན་ཕན་ལྡན་པའི་ཕན་གྲོགས་ཇི་ལྟར་བྱ་ཚུལ་སྐོར་རྟོགས་ཐུབ།

མཐར་ཟུང་དྲུང་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།

 

སྔོན་མ།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་གཉིས་ནས་ཇེ་ཨེན་ཡུ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་གིས་གཙོས་གནས་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་གནང་བ།
ཕྱི་མ།
དགེ་རྒན་ཆེད་ལས་ཡར་རྒྱས་ལས་གཞིའི་འབྲེལ་མཐུད་པ་རྣམས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
Menu