ཟླ་རེའི་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་ཁྲོམ་འདུས་གཉིས་པ་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྦེལ་ཀོབ་སཾ་བྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭར་དཔེ་དེབ་ཁྲོམ་འདུས་གཉིས་པ་དེ་གོ་སྒྲིག་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩།༤༠ ནས་སྦེལ་ཀོབ་སཾ་བྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭའི་ཚོགས་ཁང་དུ་སློབ་གྲྭའི་དགེ་ལས་དང་། སློབ་མ་ ༡༤༠ དང་མི་མང་ ༡༦༠ ཙམ་ཚང་འཛོམས་ཐོག་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ལས་བསྟན་འཛིན་བསམ་གྲུབ་ལགས་ཀྱིས་དགའ་བསུ་དང་ངོ་སྤྲོད་གསུང་བཤད་དང་། སྦེལ་ཀོབ་སཾ་བྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭའི་སློབ་སྤྱི་ཟླ་བ་བཀྲ་ཤིས་ལགས་ཀྱིས་དཔེ་དེབ་ཁྲོམ་འདུས་དབུ་འབྱེད་གསུང་བཤད་དང་། དྷ་ས་བོད་ཁྱིམ་ཨིན་ཇིའི་སྐད་ཡིག་རྒྱུས་སྟོན་པ་རྒན་བསྟན་འཛིན་དཔལ་མོ་ལགས་ཀྱིས་ཕྲུ་གུར་སྒྲུང་གཏམ་ཤོད་རྒྱུ་དང་དཔེ་ཀློག་གི་གལ་གནད་སྐོར་དང་། དྷ་ས་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས་ཀྱིས་ཕྲུ་གུའི་སྐད་ཡིག་འཚར་ལོངས་ཐད་ཕ་མའི་ལས་འགན་དང་གོ་སྐབས་སྐོར་གསུང་བཤད་གནང་། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ལས་ཚེ་རིང་དཔལ་འཛོམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་སྔ་དྲོའི་མཛད་སྒོ་མཇུག་སྒྲིལ།

ཉིན་གཅིག་གི་དཔེ་དེབ་ཁྲོམ་འདུས་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་པར་སྐྲུན་གནང་པའི་དཔེ་དེབ་ཁག་འགྲེམས་སྟོན་དང་བྱིས་པའི་སྒྲུང་དེབ་ཁག་ ༥༦ རིན་མེད་འགྲེམས་སྤེལ་དང་། དྷ་ས་བོད་ཁྱིམ་ནས་པར་སྐྲུན་ཞུས་པའི་དཔེ་དེབ་དང་བྱིས་པའི་ཤེས་རིག་དང་འབྲེལ་བའི་དཔེ་རིས་སོགས་འགྲེམས་སྟོན་གནང་། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་ནས་པར་སྐྲུན་ཞུས་པའི་དཔེ་དེབ་སོགས་འགྲེམས་སྟོན་དང་ཚོང་འགྲེམས་གནང་ཡོད།

དཔེ་དེབ་ཁྲོམ་འདུས་འདི་ལྟར་གོ་སྒྲིག་ཞུས་དགོས་པར་ལོ་ན་རྒན་གཞོན་ཚང་མས་དཔེ་ཀློག་དང་སྒྲུང་གཏམ་ཤོད་དགོས་པའི་གལ་གནད་སྐོར་དང་། ཕྲུ་གུའི་ཕ་མ་རྣམས་ནས་དཔེ་དེབ་གང་མང་མཁོ་སྒྲུབ་ཀྱིས་ཕྲུ་གུ་ཚོར་དཔེ་ཀློག་དང་སྒྲུང་གཏམ་གང་མང་ཤོད་དགོས་པའི་ལམ་སྟོན་དང་གོ་རྟོགས་སྤེལ་རྒྱུར་དམིགས་ཡོད། ཁྲོམ་འདུས་འདི་ཨ་རིའི་རོགས་ཚོགས་ USAID ནས་མཐུན་འགྱུར་གནང་ཡོད་པ་བཅས། །

སྔོན་མ།
༢༠༢༣ ལོའི་ UWC སློབ་ཡོན་གསལ་བསྒྲགས།
ཕྱི་མ།
སྔོན་འགྲོ་དང་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་གཏན་འབེབས་གནང་བ།
Menu