ཟླ་རེའི་གསར་འགྱུར།

བོད་རིགས་ཚན་རིག་སློབ་ཕྲུག་དགུ་ལ་རྒྱ་གར་རྒྱལ་ཡོངས་ཚན་རིག་ཉམས་ཞིབ་བསྟི་གནས་ཁང་ཁག་གཉིས་ལ་ཉམས་གསོག་གི་གོ་སྐབས་བསྐྲུན་པ།

གསར་འཕྲིན།

༄༅། །འདི་ལོའི་ཚན་རིག་ཉམས་གསོག་ལས་གཞི་ཐེངས་བཞི་པའི་ཁོངས་བོད་རིགས་ཚན་རིག་སློབ་ཕྲུག་དགུ་ལ་གོ་སྐབས་ཐོབ་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ ནས་ཟླ་ ༧ ཚེས་ ༡༥ བར་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐྱེ་དངོས་ཚན་རིག་བསྟི་གནས་ཁང་དང་། པུ་ནེ་རུ་རྟེན་གཞི་བྱས་པའི་ཚན་རིག་ཤེས་ཡོན་དང་ཉམས་ཞིབ་སློབ་ཁང་བཅས་སུ་ཚན་རིག་དང་འབྲེལ་བའི་ཤེས་ཡོན་ཐོག་ཉམས་གསོག་བྱེད་བཞིན་ཡོད། ཐོག་མར་ཤེས་རིག་ལས་ཁུངས་ནས་ལས་གཞི་འདི་ཁོངས་སྙན་འབུལ་བ་སློབ་ཕྲུག་རྣམས་ཀྱི་འཛིན་རིམ་བཅུ་པ་ནས་ཉེ་བའི་གཙུག་ལག་རབ་འབྱམས་བར་གྱི་ཚན་རིག་སློབ་ཚན་གྱི་གྲུབ་འབྲས་ལ་གཞི་བཅོལ་ཏེ་སློབ་ཕྲུག་དགུ་འདེམས་སྒྲུག་བྱས། གོང་གསལ་ཉམས་གསོག་གི་དུས་ཡུན་རིང་སློབ་ཕྲུག་རྣམས་ཚན་རིག་གི་གཤམ་གསལ་སློབ་ཚན་སྡེ་ཚན་ Biomedical Engineering, Behavioral Biology, Microbiology, computational Biology, Neuroscience, Computational Neuroscience and Physical Science བཅས་ཀྱི་ནང་བརྗོད་གཞི་འདྲ་མིན་ཐོག་ཉམས་གསོག་བྱེད་བཞིན་ཡོད།
ཉེ་སྔོན་ཉམས་གསོག་ཁོངས་དངོས་སུ་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ནས་ཤེས་རིག་ལས་ཁུངས་སུ་སྙན་ཐོ་ཕུལ་འབྱོར་བྱུང་བའི་ནང་གསལ་ལྟར་ན། གོང་གསལ་སློབ་གཉེར་ཁང་སོ་སོའི་ཚན་རིག་པའི་ཐད་ཀར་ལམ་སྟོན་འོག་ཉམས་ཞིབ་དང་ཚན་རིག་བརྟག་དཔྱད་ཀྱི་སྒྱུ་རྩལ་འདྲ་མིན་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་འཐོབ་བཞིན་པ་མ་ཟད། ཉམས་ཞིབ་དང་བརྟག་དཔྱད་བྱེད་ཡུལ་བརྗོད་གཞི་འདྲ་མིན་གྱིས་རྒྱུན་ལྡན་མི་ཚེའི་ནང་ཕན་ཐོགས་ཇི་ཡོད་དང་། དེ་དག་མི་ཚེའི་ནང་བེད་སྤྱོད་ཇི་ལྟར་བྱེད་ཚུལ་སོགས་ཀྱི་སྐོར་བློ་བསྐྱེད་ཆེན་པོ་བྱུང་ཡོད། གཞན་ཡང་ཉམས་གསོག་ནང་ཞུགས་མཁན་སློབ་ཕྲུག་རྣམས་ནས་བརྟག་དཔྱད་བརྒྱུད་ལམ་ཁག་ཅིག་བེད་སྤྱོད་བྱས་ཏེ་དངོས་པོ་ཆེ་ཆུང་རེ་ཟུང་ཡང་བཟོ་བསྐྲུན་བྱས་ཡོད་འདུག
ད་ལན་བོད་རིགས་ཚན་རིག་སློབ་ཕྲུག་ཁག་ཅིག་ལ་ཚན་རིག་ཉམས་ཞིབ་བསྟི་གནས་ཁང་ནང་ཉམས་གསོག་གི་གོ་སྐབས་འདི་བརྒྱུད་ཆོད་སེམས་བརྟན་པོའི་ཉམས་ཞིབ་པའི་ལྷན་དུ་འགྲོགས་འདྲིས་དང་། གོ་བསྡུར་སྦྱངས་བཤད་བྱེད་རྒྱུ་བྱུང་བ་འདིས། དོན་དངོས་ཐོག་ཉམས་གསོག་པ་རྣམས་ལ་ཚད་མཐོའི་ཉམས་ཞིབ་པ་རྣམས་ཀྱི་མི་ཚེ་ཇི་ལྟར་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་དང་། མ་འོངས་པར་ཉམས་ཞིབ་ཀྱི་ལས་དོན་ལ་ཞུགས་རྒྱུའི་སེམས་ཤུགས་སྤོར་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག
ལས་གཞི་འདི་ཉིད་ཐོག་མ་ཤེས་རིག་ལས་ཁུངས་དང་སློབ་དཔོན་རོན་ཝེལ་གཉིས་ཀྱི་དགོངས་བཞེད་ལམ་སྟོན་གཞིར་བཟུང་འགོ་བཙུགས་གནང་བ་ལྟར། གོང་གསལ་ཉམས་ཞིབ་བསྟི་གནས་ཁང་ཁག་གཉིས་ཀྱི་སློབ་དཔོན་རཱཤི། ཏི་བཱ་རཱི་དང་། སློབ་དཔོན་ཨེལ་ཤ་ཤཱི་དྷཱ་རཱ་རྣམ་གཉིས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱས་པ་ལ་བརྟེན་ནས། བོད་པའི་སྤྱི་ཚོགས་ནང་ཚན་རིག་སློབ་སྦྱོང་ཐད་རིམ་གྱིས་འགྱུར་ལྡོག་གི་དུས་སྐབས་གསར་པ་ཞིག་འཆར་བཞིན་པ་ནི། གོང་གསལ་སློབ་ཕྲུག་རྣམས་ལ་ཚན་རིག་ཤེས་ཡོན་དང་འབྲེལ་བའི་ཉམས་ཞིབ་ཀྱི་གོ་སྐབས་འདི་བརྒྱུད་ཤེས་རྟོགས་ཐུབ་ཀྱི་ཡོད།

སྔོན་མ།
བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་དེབ་དབུ་འབྱེད་གནང་།
ཕྱི་མ།
གཞི་རིམ་བར་མའི་ཨང་རྩིས་སློབ་དེབ་གཏན་འབེབས་དང་བསྐྱར་ཞིབ།
Menu