ཟླ་རེའི་གསར་འགྱུར།

བྱང་ཕྱོགས་གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ཀྱི་པི་ཝང་དང་དལ་ཆེན་ཟབ་སྦྱོང་དབུ་འཛུགས་གནང་བ།

གསར་འཕྲིན།

ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། བོད་ཀྱི་ཟློས་གར་ཚོགས་པ་ནས་གདན་ཞུ་གནང་བའི་ཁྱད་སྟོན་པ་བསྟན་འཛིན་ཕུན་ཚོགས་ལགས། ཟློས་དགེ་གྲངས་ ༢༣ བཅས་ཚོགས་ཕེབས་གནང་།

མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་འཚམས་འདྲི་ཞུས་པ་སྦྲགས། ཟབ་སྦྱོང་གི་དམིགས་ཡུལ་དང་འབྲེལ་གསུང་དོན། ད་ལན་གྱི་ཟབ་སྦྱོང་དེ་ཟབ་སྦྱོང་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། ཟབ་སྦྱོང་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༥ ལོར་གཏན་ཉིན་སློབ་གྲྭ་ཁག་ནས་ཟློས་དགེ་གྲངས་ ༣༠ ཙམ་ལ་ཉིན་གྲངས་ ༢༥ རིང་གནང་ཡོད་པ། ད་ལན་གྱི་ཟབ་སྦྱོང་དེ་བཞིན་ ༢༠༡༥ ལོར་གནང་བའི་ཟབ་སྦྱོང་གི་མཇུག་གནོན་ལྟ་བུ་ཞིག་ཆགས་ཡོད་སྐོར་དང་། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་ད་བར་སློབ་གྲྭ་ཁག་ནང་སློབ་ཕྲུག་ངོས་ནས་པི་ཝང་དང་དལ་ཆེན་དཀྲོལ་མཁན་ཧ་ཅང་དཀོན་པོ་ཡིན་པ་མ་ཟད། སློབ་གྲྭ་ཁག་དང་གཞུང་འབྲེལ་གྱི་མཛད་སྒོ་ཁག་ལ་པི་ཝང་དང་དལ་ཆེན་དཀྲོལ་ཏེ་འཁྲབ་སྟོན་གནང་བ་མཐོང་རྒྱུ་མེད་པར་སོང་། ཟབ་སྦྱོང་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་པ་ཡིན་པ་དང་། འཆར་ལོའི་ནང་བྱང་ཕྱོགས་སློབ་ཁག་ནང་ཁུལ་གྱི་རོལ་དབྱངས་འདུ་འཛོམས་ཤིག་གོ་སྒྲིག་ཞུ་འཆར་ཡོད་སྐོར་བཅས་ངོ་སྤྲོད་གསུང་བཤད་གནང་ཡོད།

དེ་རྗེས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཟློས་དགེ་ཚང་མས་སོ་སོའི་ངོ་སྤྲོད་མདོར་བསྡུར་རེ་གནང་རྗེས། ཟློས་དགེ་སྐུ་ཚབ་གཉིས་ནས་པི་ཝང་དང་དལ་ཆེན་གྱི་སྒྱུ་རྩལ་སྤྱན་འབུལ་ཞུས། དེ་ནས་ཁྱད་སྟོན་པ་བསྟན་འཛིན་ཕུན་ཚོགས་ལགས་ནས་པི་ཝང་དང་དལ་ཆེན་གྱི་བྱུང་རིམ་དང་། རོལ་ཆའི་རྒྱུ་ཆ་དང་ཐོན་ཁུངས་སོགས་ངོ་སྤྲོད་གསུང་བཤད་གནང་།

སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཟློས་གར་ཟེར་བའི་གོ་དོན་དང་། དེ་རིག་གནས་ཆུང་བའི་ལྔའི་ཁོངས་སུ་བཞག་ཡོད་ནའང་། འགའ་ཤས་ཀྱི་རིག་གནས་ཆུང་བ་སྙན་ངག་གི་ཡ་གྱལ་ཡིན་པ་ཡང་ཤོད་སྲོལ་ཡོད་པ། ཟློས་གར་གྱི་གཞུང་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡིན་པ། ལོ་རྒྱུས་ཀྱི་དཔེ་དེབ་མང་པོའི་ནང་དེ་ལྟར་འཁོད་ཡོད་སྐོར་གསུངས།

དེ་ནས་ཁོང་གིས་བོད་པར་རོལ་ཆའི་རིགས་སྣ་ཚོགས་ཤིག་ཡོད་པ་དང་། ད་ལན་ཟབ་སྦྱོང་འདིར་གཙོ་བོ་པི་ཝང་དང་དལ་ཆེན་ཐོག་སྦྱོང་བརྡར་གནང་གི་ཡོད་སྟབས། ཚང་མས་གོ་སྐབས་དེ་དམ་འཛིན་ཐོག་ཆུད་ཟོས་སུ་མ་འགྲོ་བ་གནང་དགོས་པ་དང་། ལྷག་པར་ཤེས་རིག་ལས་ཁུངས་ཀྱིས་ ༡༩༩༨ ལོར་པར་འགྲེམས་ཞུས་པའི་ཟློས་དགེ་ལམ་སྟོན་གྱི་དཔེ་དེབ་དང་། བོད་ཕྲུག་ཁྱིམ་སྡེ་ནས་འདོན་སྤེལ་ཞུས་པའི་རྩ་འཛིན་ལམ་སྟོན་ཁག་གི་དམིགས་ཡུལ་སྐོར་དང་། དེ་དག་སློབ་གྲྭ་སོ་སོའི་ནང་ཟློས་དགེའི་འགན་འཁུར་གྱིས་ལག་བསྟར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། གཞན་ཡང་ཁོང་གིས་མཛད་སྒོ་དང་དུས་ཆེན་སྐབས་སོ་སོར་འཚམས་པའི་གླུ་གཞས་གཏོང་ལེན་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དེང་སྐབས་འཕྲུལ་རིག་བེད་སྤྱོད་བཏང་བ་བརྒྱུད་སྤྱི་ཚོགས་དྲ་རྒྱའི་ནང་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་འཁྲབ་གཞུང་རིགས་མང་པོ་བཟོ་ཐུབ་ན་ཡག་པོ་འདུག་ཅེས་དང་།

མཐར་ཁོང་གིས་ཟབ་སྦྱོང་འདི་ནས་ག་རེ་སློབ་སྦྱོང་གནང་བ་དེ་གཅིག་གི་གཅིག་ལ་བརྒྱུད་སྐུལ་བྱེད་རྒྱུ་དང་། རང་ངོས་ནས་ཉིན་ལྟར་སྐར་མ་ལྔ་བཅུ་ལག་ལེན་དུ་འཁེལ་ནས་མ་བརྗེད་པ་གནང་དགོས་པ་བཅས་ཀྱི་ལམ་སྟོན་གཏིང་ཟབ་གནང་། མཐའ་མ་དེར་ཤེས་རིག་སྡེ་འགན་བསྟན་འཛིན་དཔལ་སྐྱིད་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་བ་བཅས།

སྔོན་མ།
ཤེས་རིག་དཔར་ཁང་གི་དཔེ་དེབ་དམིགས་བསལ་ཆག་ཡང་དང༌། བོད་ཀྱི་སྲིད་དོན་རྒྱལ་རབས་ཚོང་འགྲེམས་གསལ་བསྒྲགས།
ཕྱི་མ།
རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ཟབ་སྦྱོང་སྐོང་ཚོགས་གནང་བ།
Menu