ཟླ་རེའི་གསར་འགྱུར།

བྱང་ཕྱོགས་སློབ་ཁག་རིགས་ལམ་འདུ་འཛོམས་ལ་རྟོག་ཞིབ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ནས་ཟླ་ ༩ ཚེས་ ༡ བར་ཉིན་དྲུག་རིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་ཏུ་ཧི་མ་ཅལ་དང་ལ་དྭགས་མངའ་ཁུལ་སློབ་ཁག་གི་རིགས་ལམ་འདུ་འཛོམས་ལ༌རྟོག་ཞིབ་སླད། ཕྱི་ཚེས་ ༢༨ དང་༢༩ ཉིན་གཉིས་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་ལགས་གདན་ཞུས་ལྟར་ཕྱོགས་བསྐྱོད་གནང། ཁོང་དང་བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་ཉམས་ཞིབ་པ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱང་གདན་ཞུས་ཀྱིས་མཉམ་བསྐྱོད་གནང་ཡོད་འདུག
    རིགས་ལམ་འདུ་འཛོམས་དེ་ནི་བཀའ་ཤག་སྐབས་བཅུ་བཞི་པའི་སློབ་གྲྭ་ཁག་ནང་རིགས་ལམ་གནས་ཚད་ཡར་རྒྱས་ཡོང་ཐབས༌དང་། ཁྱད༌པར་རིགས་ལམ་བརྒྱུད་སློབ་ཚན་གཞན་རྣམས་སློབ་ཁྲིད་གནང་ཐབས༌ལ་གོམ་པ་སྤོ་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་འདུག༌ལ། རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་ཁྲོད་གཏན་ཉིན་སློབ་གྲྭ་ཚང་མ་ས་ཁུལ་བཞི་ལ་བཅད་བགོས་ཀྱིས་འདི་ལོ་དང་ཕྱི་ལོ་བཅས་ལོ་ངོ་གཉིས་རིང་འདུ་འཛོམས་ཀྱི་ལས་རིམ་སྤེལ་རྒྱུ་ཡིན་འདུག  འདུ་འཛོམས་དེ་ནི་འགྲན་བསྡུར་དང་མཚུངས་བསྡུར་མིན་པར་སློབ་ཁག་ནང་ཁུལ་རིགས་ལམ་ཤེས་ཡོན་བརྗེ་རེས་ལ་བརྟེན་ནས། རིགས་ལམ་སློབ་སྦྱོང་གི་འདུ་ཤེས་གོང་སྤེལ་དང། རིགས་སྒོ་གསར་འབྱེད། ཉམས་མྱོང་གསར་རྙེད་བཅས་ཀྱི་དམིགས་ཡུལ་འགྲུབ་ཐབས་བྱ་རྒྱུ་དེ་ཡིན་འདུག།
    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་རིག་ཚོགས་ཆེན་བཞི་པ་དང་ལྔ་པ་གཉིས་ཀའི་ཐོག་བཀའ་སློབ་ནན་ཕེབས་དགོངས་དོན་བཞིན། གཞི་རིམ་སློབ་གྲྭ་ཁག་གི་རིགས་ལམ་སློབ་སྦྱོང་ལ་ཤུགས་སྣོན་བསྐྱོན་པ་བརྒྱུད། བོད་ཡིག་དང་སྲོལ་རྒྱུན་རིག་གནས་ཙམ་མ་ཡིན་པར། ཚན་རིག་དང་རྩིས་རིག་སོགས་དེང་དུས་ཀྱི་སློབ་ཚན་གཞན་ཁག་ཀྱང་རིགས་ལམ་བརྒྱུད་ནས་སློབ་ཁྲིད་དང་སློབ་སྦྱོང་མཐིལ་ཕྱིན་ཡོང་ཐབས་ཆེད། ཐེངས་འདིའི་རིགས་ལམ་འདུ་འཛོམས་ཐོག་སློབ་ཕྲུག་མང་པོ་ཞིག་ནས་ཚན་རིག་དང། སྤྱི་ཚོགས་ཚན་རིག།ཨང་རྩིས་སོགས་རིགས་ལམ་བརྒྱུད་ནས་རྩོད་པ་དང། རྩོད་པ་དེ་དག་ལས་ཁ་ཤས་ཤིག་གི་ནང་དོན་དང་རྒྱ་ཚད་སྔར་ལས་ཇེ་ཆེར་སོང་།
    ཉིན་གཉིས་ཀྱི་རྟོག་ཞིབ་ལས་རིམ་ལེགས་གྲུབ་བྱུང་རྗེས་ཚེས་༢༩ ཉིན་དྷ་སར་ཕྱིར་ཕེབས་གནང་འདུག་པའི་གནས་ཚུལ་བཅས།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དང་པོ་གནང་བ།
ཕྱི་མ།
གནའ་གཏམ་མཐོང་བ་དགའ་སྐྱེད།
Menu