ཟླ་རེའི་གསར་འགྱུར།

བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ནས་ ༧ བར་ཉིན་གྲངས་བདུན་རིང་། འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་ཚེས་ ༡ གི་སྔ་དྲོ་ཆུ་ཚོད་ ༩།༡༠ ཐོག་བསུ་ན་མདའ་མཉམ་འབྲེལ་ཚོགས་ཁང་དུ་དབུ་འཛུགས་དང༌། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཚབ་སྐུ་ངོ་ཀརྨ་སེངྒེ་ལགས་ཆེད་ཕེབས་གནང་།
ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པ་དང༌། མཉམ་ཞུགས་གནང་མཁན་ཚང་མར་འཚམས་འདྲི་དང་སྦྲགས་ཐེངས་འདིའི་རིགས་ལམ་འདུ་འཛོམས་བརྩིས་པས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་རིགས་ལམ་འདུ་འཛོམས་ཐེངས་བདུན་པ་ཆགས་ཀྱི་ཡོདསྐོར་དང༌། ལྷག་པར་སྐབས་སུ་བབ་པའི་བྱང་ཤར་ཁུལ་གྱི་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་མདོར་བསྡུས་ངོ་སྤྲོད་ཞུས་དོན། ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་བལ་ཡུལ་ཁུལ་གྱི་བོད་པའི་སློབ་གྲྭ་དྲུག་དང་བྱང་ཤར་ཁུལ་གྱི་སློབ་གྲྭ་བདུན་བཅས་སློབ་ཁག་བཅུ་གསུམ་གྱི་སློབ་ཕྲུག་བུ་མོ་ ༤༨ དང་བུ་ ༤༡ ལྟ་གྲུབ་དགེ་རྒན་དང་སྣེ་ཁྲིད་གནང་མཁན་དགེ་རྒན་བཅས་ཁྱོན་བསྡོམས་དགེ་སློབ་གྲངས་ ༡༠༢ ནས་མཉམ་ཞུགས་གནང་ཡོད་པ་དང༌། དེ་མིན་སྔ་དྲོ་ནས་ཕྱི་དྲོ་བར་ཉིན་གཅིག་ལ་ཆུ་ཚོད་དགུ་དང་ཕྱེད་ཀའི་རིང་སློབ་ཕྲུག་ནང་ཁུལ་རྩོད་ཟླ་བསྒྲིག་རྒྱུ་དང༌། འཛིན་གྲྭ་ཆ་བགོས་ལྟར་ལྟ་གྲུབ་དགེ་རྒན་གཉིས་གསུམ་ནས་རིགས་ལམ་སློབ་ཁྲིད་དང་ལམ་སྟོན་གནང་རྒྱུ་བཅས་ཀྱི་ལས་རིམ་ངོ་སྤྲོད་ཞུས།
སྔ་ལོ་ཤེས་རིག་ལས་ཁུངས་ནས་དྷ་སྟེང་བོད་ཁྱིམ་དུ་སློབ་ཁག་བཞི་བཅུ་ཙམ་གྱི་རིགས་ལམ་འདུ་འཛོམས་རྒྱས་པ་ཞིག་གོ་སྒྲིག་ཞུས་སྐབས། བལ་ཡུལ་ཁུལ་གྱི་སློབ་གྲྭ་མང་པོ་ཞིག་ས་ཡོམ་གོད་ཆག་གི་དཀའ་ངལ་ལ་བརྟེན་ནས་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་གནང་ཐུབ་མེད་སྟབས། མ་འོངས་པར་ཡང་རང་བྱུང་དང་ཆབ་སྲིད་སོགས་ཀྱི་དཀའ་རྙོག་གི་འོག་ནས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་རིགས་ལམ་འདུ་འཛོམས་ནང་བལ་ཡུལ་ཁུལ་གྱི་སློབ་ཁག་རྣམས་མཉམ་ཞུགས་གནང་མ་ཐུབ་ཚེ། བལ་ཡུལ་སློབ་ཁག་ནང་ཁུལ་བལ་ཡུལ་རང་དུ་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་ཐབས་སུ། ད་ལན་བལ་ཡུལ་རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་སྤྱི་བློ་བཟང་ཐབས་མཁས་ལགས་ཀྱང་ཉམས་གསོག་ཆེད་ངོ་ཞུགས་གནང་ཡོད། ཁོང་ནས་བལ་ཡུལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་གནས་སྟངས་དང་རིགས་ལམ་གྱི་གལ་གནད། གཞན་ཡང་སློབ་ཕྲུག་རྣམས་ཀྱི་བྱེད་སྒོ་རྣམ་གཞག་སྐོར་གསུང་བཤད་གནང༌།
དེ་ནས་ཤེས་རིག་དྲུང་ཚབ་སྐུ་ངོ་ཀརྨ་སེངྒེ་ལགས་ནས་བྱང་ཤར་ཁུལ་གྱི་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་བཀའ་སློབ་ལམ་སྟོན་དུ། རིགས་ལམ་འདུ་འཛོམས་ཀྱི་གལ་གནད་ལ་གཞིགས་ཏེ་སློབ་གྲྭ་འདྲ་མིན་ནས་ས་ཐག་རིང་ཐུང་དང་དཀའ་ངལ་ལ་མ་ལྟོས་པར་ཚང་མ་ས་གནས་འདིར་ཚང་འཛོམས་གནང་ཐུབ་པར་དགའ་ཚོར་བྱུང་བ་དང༌། རིགས་ལམ་ནི་རིག་པ་འཕེལ་བྱེད་དང་བརྡར་ཤ་གཅོད་པའི་བསམ་བློའི་བྱ་འགུལ་མང་བའི་སློབ་ཁྲིད་ཐབས་ལམ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ནི། ྋགོང་ས་མཆོག་གིས་ད་ནས་བཟུང་ལོ་ ༤༠ ལྷག་གི་སྔོན་ནས་དེའི་གལ་གནད་སྐོར་བཀའ་སློབ་ཕེབས་ཡོད་ཀྱང༌། དུས་ཚོད་གང་འཚམས་ཤིག་བར་ང་རང་ཚོའི་ངོས་ནས་ལྷོད་གཡེང་ལྟ་བུར་སོང་ནས་དེ་ཐོག་གྲུབ་འབྲས་རྔོ་ཐོགས་པ་ཞིག་བྱུང་མེད། འོན་ཀྱང་ྋགོང་ས་མཆོག་གི་བཀའ་སློབ་རིམ་པར་ཕེབས་པའི་རྒྱུ་མཚན་གྱིས་ད་ལྟའི་ཆར་ཤེས་རིག་ལས་ཁུངས་དང་སློབ་གྲྭ་སྡེ་ཁག་སོ་སོའི་འབད་བརྩོན་ལ་བརྟེན་ནས། ཉེ་སྔོན་ྋགོང་ས་མཆོག་ནས་དེང་སང་སློབ་གྲྭ་ཁག་ནང་རིགས་ལམ་ཅུང་ཡར་རྒྱས་ཕྱིན་ཡོད་ཚུལ་འདུག་ཅེས་ཐུགས་དགྱེས་ཚོར་གནང་ཡོད། ཡིན་ནའང་ད་དུང་ང་ཚོས་ལོ་ནས་ལོ་བསྟུད་རིགས་ལམ་གྱི་གནས་ཚད་གོང་མཐོར་བཏང་སྟེ་གོམ་པ་མདུན་སྤོས་བྱ་དགོས་པ་དང༌། དེ་སྔ་ཡིན་ན་ནང་ཆོས་སློབ་སྦྱོང་ནི་གྲྭ་བཙུན་གཅིག་པུས་བྱེད་རྒྱུ་ཡིན་པའི་བསམ་ཚུལ་ཞིག་ཡོད་ཀྱང༌། ྋགོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་ལ་བརྟེན་ནས་ད་ལྟའི་ཆར་སྐྱ་སེར་ཕོ་མོ་ཚང་མར་ནང་ཆོས་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་པ་མ་ཟད། དེང་རབས་ཀྱི་སློབ་ཚན་མང་པོ་ཞིག་ཀྱང་རིགས་ལམ་གྱི་བརྒྱུད་ནས་སློབ་སྦྱོང་བྱ་རྒྱུ་ཡོད། ད་ཆ་བྱང་ཤར་ཁུལ་གྱི་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་གནང་མཁན་རྣམས་ཉིན་བདུན་རིང་ཧུར་ཐག་གིས་རིགས་ལམ་སྦྱངས་བརྩོན་བྱས་ཏེ། དེ་ནས་སྣང་མེད་ལྟ་བུར་མ་བཞག་པར་རྒྱུན་དུ་སློབ་གྲྭའི་ནང་རིགས་ལམ་ཐད་ཐུགས་སྣང་དགོས་སྐོར་གསུངས།
གཞན་ཡང་སྐུ་ངོ་དྲུང་ཚབ་འདིར་ཕེབས་ཞོར་དུ་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་གནང་མཁན་རྣམས་དང་བསུ་ན་མདའ་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ལ་སློབ་གསོ་གནང་དོན་དུ། སློབ་ཕྲུག་གཅིག་གི་ལས་འགན་གཙོ་བོ་ནི་སློབ་སྦྱོང་ཁོ་ནའི་ཐོག་ཤུགས་རྒྱག་རྒྱུ་དེ་ཡིན་པར་སོང༌། ཤེས་ཡོན་སློབ་སྦྱོང་ཐོག་འདུན་པ་ཆེར་བསྐྱེད་གནང་དགོས་པ་མ་ཟད། དེ་ཐོག་དུས་ཚོད་ཀྱང་གང་མང་གཏོང་དགོས་སྐོར་གསུངས། འཛིན་རིམ་གོང་མར་སླེབས་སྐབས་སོ་སོའི་སློབ་ཚན་ཙམ་མིན་པར། ཤེས་ཡོན་སྤྱིའི་ཐོག་ལ་སོ་སོའི་གོ་རྟོགས་དང་མཐོང་རྒྱ་ཆེ་རུ་གཏོང་དགོས། ང་ཚོ་བོད་པ་ཚོའི་བསམ་བློར་བོད་ཕྲུག་ཚོ་རྩིས་རིག་ཐོག་ཞན་པོ་ཡོད་ཤག་གི་བསམ་བློ་དེ་དོར་ཏེ་ཆུང་དུས་ནས་རྩིས་རིག་གི་རྨང་གཞི་སྲ་བརྟན་བཟོ་དགོས་པ་ཡིན། མི་རིགས་གཞན་ཚོ་རྩིས་རིག་ཐོག་གཟེངས་སུ་ཐོན་ཐུབ་ཀྱི་ཡོད་ན་ང་ཚོ་བོད་པ་ཚོས་ཀྱང་ངེས་པར་དུ་དེ་ལྟར་ཐུབ་པ་ཞིག་ཡིན་སྟབས། ངས་གོ་སྐབས་འདི་བརྒྱུད་རྩིས་རིག་ཐོག་ཤུགས་རྒྱག་རོགས་གནང་ཞུ་རྒྱུ་ཡིན། དེ་བཞིན་ྋགོང་ས་མཆོག་གིས་ང་ཚོ་བོད་པ་ཚོའི་ནང་ཆེས་མཐོའི་རིགས་གཅིག་རྐང་འཛིན་པ་གང་མང་ཐོན་དགོས་ཀྱི་འདུག་གསུངས་པ་ལྟར་དེ་ཐོག་དམིགས་ཡུལ་ཡང་ཆེ་ས་ནས་བཟུང་སྟེ་གྲ་སྒྲིག་འཐུས་ཤོར་མེད་པར་གནང་དགོས་ཀྱི་འདུག ཤེས་རིག་ལས་ཁུངས་ནས་ཀྱང་བོད་པའི་ཕྲུ་གུ་ཚོའི་ཤེས་ཡོན་གྱི་ཆེད་དུ་ལས་འཆར་སྣ་མང་གོ་སྒྲིག་ཞུ་བཞིན་པ་མ་ཟད། སློབ་ཡོན་སོགས་ཀྱི་ཐོག་ལ་འགྲོ་གྲོན་ཕོན་ཆེན་པོ་གཏོང་གི་ཡོད་པ་རེད།
ང་ཚོ་མི་ལོ་ ༥༠ ལྷག་གི་རིང་ལ་དེ་སྔ་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་གཞུང་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་བཙན་བྱོལ་བོད་མི་ཚང་མར་དཔལ་འབྱོར་དང་གང་ཅིའི་མཐུན་རྐྱེན་སོགས་སོ་སོའི་བསམ་བློ་བཞིན་ཕུན་སུམ་ཚོགས་པ་ཞིག་བཟོ་ཐུབ་མེད་རུང༌། མིའི་ལུང་པར་འ་ཆད་འུ་ཐུག་གི་དཀའ་ངལ་མེད་པ་ཞིག་གནང་ཡོད་སྟབས། ད་གཟོད་ང་ཚོ་གཞན་བསྟེན་གྱི་བསམ་བློ་དོར་ཏེ་སོ་སོའི་བོད་མིའི་སྒྲིག་འཛུགས་སམ་སྤྱི་ཚོགས་ལ་ཚུར་དྲིན་ལན་ཇི་ལྟར་འཇལ་ཐུབ་པའི་སྐོར་བསམ་བློ་གཏོང་བའི་དུས་ཚོད་ཅིག་སླེབས་འདུག་གསུངས། ཤེས་ཡོན་དང་ཆབས་ཅིག་ང་རང་ཚོའི་ཕ་རྒྱུད་མ་རྒྱུད་ནས་བྱུང་བའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་དེ་ངེས་པར་དུ་ང་ཚོས་བརྒྱུད་འཛིན་ཐུབ་པ་ཞིག་དགོས། སློབ་ཕྲུག་ཚོས་ཐ་མག་ཉལ་ཐ་འཐེན་འཐུང་སོགས་ཚུལ་མིན་གྱི་བྱ་སྤྱོད་རིགས་ནམ་ཡང་མ་གནང་རོགས་ཞེས་བཀའ་སློབ་ཟབ་ཅིང་རྒྱས་པ་དང་སྦྲགས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གནང༌།
མཐའ་དོན་ཤེས་རིག་ལས་བྱེད་རྡོ་རྗེ་དབང་ཕྱུག་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་བའི་སྐུ་མགྲོན་དང༌། རིགས་ལམ་འདུ་འཛོམས་ལ་མཐུན་འགྱུར་གནང་མཁན་རྣམ་པ་དང༌། སློབ་གྲྭ་ཁག་ནས་ཕེབས་པའི་ལྟ་གྲུབ་དགེ་རྒན་རྣམ་པ་དང་སློབ་ཕྲུག་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་ཚགས་ཚུད་ངང་མཇུག་བསྒྲིལ།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་ལ་འཚམས་གཟིགས་སུ་ཕེབས་པ།
ཕྱི་མ།
བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་བསྒྲིལ་བ།
Menu