ཟླ་རེའི་གསར་འགྱུར།

བྱང་ཤར་དང་ལྷོ་ཁུལ་སློབ་ཁག་གི་ཆོས་དགེ་དང་ལ་དྭགས་སློབ་དགེའི་བོད་ཡིག་སློབ་ཁྲིད་ཐབས་ལམ་ཟབ་སྦྱོང་གཉིས་མཇུག་བསྒྲིལ་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་བྱང་ཤར་དང་ལྷོ་ཁུལ་སློབ་ཁག་གི་ཆོས་དགེའི་ཟབ་སྦྱོང་དང་། ས་རཱ་མཐོ་སློབ་ནས་གོ་སྒྲིག་ཞུས་པའི་ལ་དྭགས་དགོན་པ་དང་སློབ་ཁག་གི་སློབ་དགེ་རྣམས་བོད་ཀྱི་སྐད་ཡིག་ཁྲིད་ཐབས་ཟབ་སྦྱོང་གཉིས་ཀྱི་མཇུག་བསྒྲིལ་མཛད་སྒོ་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡ ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཐོག་ཚོགས་ཡོད།
    དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི།  ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་སོགས་ཚང་འཛོམས་ཐོག་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བྱང་ཤར་དང་ལྷོ་ཁུལ་སློབ་ཁག་གི་ཆོས་དགེ་ཟབ་སྦྱོང་འདི་ཕྱི་ཟླ་ ༡ ཚེས་ ༢༨ ནས་ཟླ་ ༢ ཚེས་ ༡ བར་ཉིན་ལྔའི་རིང་གཙོ་བོ་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོར་ལྷོ་ཕྱོགས་སློབ་ཁག་དང་བྱང་ཤར་སློབ་ཁག་གི་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་ཐེངས་གཉིས་གོ་སྒྲིག་ཞུ་གཏན་འཁེལ་བ་ལྟར་རིགས་ལམ་འདུ་འཛོམས་སྐབས་ཀྱི་ལས་དོན་བྱེད་ཕྱོགས་དང༌། རིགས་ལམ་གྱི་བརྗོད་གཞི།  ལྷག་པར་སློབ་ཁག་སོ་སོ་ནས་གྲ་སྒྲིག་གང་དག་གནང་དགོས་མིན་སྐོར།  གཞན་ཡང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་ཆོས་སློབ་ཁྲིད་ཐབས་ལམ་དང་རིགས་ལམ་སློབ་ཁྲིད་ཀྱི་དགོས་དམིགས།  ཟབ་སྦྱོང་པའི་དོགས་འདྲི་ཁག་ལ་ལན་འདེབས་གནང༌།
    དེ་བཞིན་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ནང་ཆོས་དང་རིགས་ལམ་ཁྲིད་ཐབས།  ས་རཱ་མཐོ་སློབ་ཀྱི་སློབ་དགེ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་ཉེས་རྡུང་གི་ཉེས་སྐྱོན་དང་དེ་ལས་ལྡོག་པའི་ཐབས་ལམ་གཞན།  ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་བྱིས་པའི་ལུས་སེམས་ཀྱི་འཚར་ལོངས་སྐོར།  རྡ་ཤོད་བོད་ཁྱིམ་ཆོས་དགེ་ནས་ནང་ཆོས་དང་རིགས་ལམ་ཁྲིད་ཐབས་ཀྱི་ཉམས་མྱོང་བརྗེ་རེས་ཞུས་པ་དང༌། རྡ་སྟེང་བོད་ཁྱིམ་ཚན་རིག་སློབ་དགེ་བསྟན་འཛིན་དངོས་གྲུབ་དང་སུ་ཇཱ་བོད་ཁྱིམ་ཚན་རིག་སློབ་དགེ་ཉི་མ་ཚེ་རིང་གཉིས་ཀྱིས་གཞི་རིམ་འོག་མའི་ཚན་རིག་བརྗོད་གཞི་ཁག་རིགས་ལམ་བརྒྱུད་ནས་སློབ་ཁྲིད་གནང་ཐབས། གཞན་ཡང་ཆོས་དགེ་ནང་ཁུལ་ཉམས་མྱོང་བརྗེ་རེས་དང་རིགས་ལམ་སློབ་ཁྲིད་ཡར་རྒྱས་གཏོང་ཕྱོགས་སྐོར་གོ་བསྡུར་སྦྱངས་བཤད་ཞུས། ཐེངས་འདིའི་ཟབ་སྦྱོང་ནང་བྱང་ཤར་དང་ལྷོ་ཁུལ་སློབ་ཁག་གི་ཆོས་དགེ་ ༡༨ མཉམ་ཞུགས་གནང་ཡོད་པ་སོགས་ལས་བསྡོམས་སྙན་སྒྲོན་ཞུས།
    དེ་ནས་ཟབ་སྦྱོང་ཚོགས་བཅར་བའི་སྐུ་ཚབ་རྡོར་གླིང་ཆོས་དགེ་དགེ་བཤེས་བསྟན་པ་ལགས་དང་སོ་ན་དྷ་ཆོས་དགེ་བྱམས་པ་དབང་ཆེན་རྣམ་གཉིས་ཀྱིསས་ཐེངས་འདིའི་ཟབ་སྦྱོང་གི་སློབ་ཁྲིད་ཐབས་ལམ་སྣ་མང་ཤེས་རྟོགས་བྱུང་བ་རྣམས་སློབ་གྲྭར་འབྱོར་མཚམས་ལག་བསྟར་གང་ཐུབ་གནང་རྒྱུ་ཡིན་སོགས་མྱོང་ཚོར་གསུང་བཤད་གནང༌།
    དེ་ནས་ས་རཱ་མཐོ་སློབ་སློབ་སྤྱི་དགེ་འཇམ་དཔལ་གྲགས་པ་ལགས་ཀྱིས་༸གོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་ཆོས་དགེ་རྣམས་ནས་རིགས་ལམ་སློབ་ཁྲིད་ཚད་ལྡན་ཡོང་ཐབས།  ལྷག་པར་ཧི་མ་ལ་ཡའི་དགེ་རྒན་རྣམས་ནས་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་ཐོག་ཤུགས་སྣོན་བསྐྱོན་དགོས་པ་དང༌། ཆོས་དགེ་རྣམས་ཀྱིས་སློབ་མ་རྣམས་ལ་ནང་ཆོས་ངོ་སྤྲོད་གནད་དུ་སྨིན་པ་གནང་བའི་ལམ་ནས་སྤྱི་ཚོགས་ཁྱོན་ཡོངས་ནས་ནང་ཆོས་ལ་དང་བའི་དད་པ་ཡོད་པ་ཞིག་བཟོ་ཐུབ་ཐབས་གནང་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་གནང༌།
    དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་འཕར་ལགས་ཀྱིས་ཆོས་དགེ་རྣམས་དང་ལ་དྭགས་སློབ་དགེ་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གསོལ་གནང་སྟེ་མཇུག་བསྡོམས་ལམ་སྟོན་གསུང་བཤད་གནང་གསལ། ཤེས་རིག་ལས་ཁུངས་ནས་ལོ་ལྟར་ཟབ་སྦྱོང་སོགས་སྣ་མང་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད་ཀྱང་། དོན་ངོ་མ་སློབ་ཁག་ནང་ལག་བསྟར་མ་ཐུབ་ན་དགེ་ཕན་གང་ཡང་མེད་པས། ཟབ་སྦྱོང་གང་ཐོབ་པ་རྣམས་དོན་དངོས་ཐོག་ལག་བསྟར་ཐུབ་པ་ཞིག་གནང་གལ་སྐོར།  ཆོས་དགེ་རྣམས་ནས་དེ་སྔ་ཕྱི་ལོ་ ༦༠ དང་ ༧༠ སྐབས་ཀྱི་ཆོས་དགེ་རྣམ་པ་ནང་བཞིན་སློབ་མའི་རྒྱུད་ལ་ནང་ཆོས་ཀྱི་གོ་བ་གཏིང་ཟབ་འཇོག་ཐུབ་ཐབས་གནང་དགོས་པ་སོགས་དཔེ་དང་སྦྱར་ནས་ལམ་སྟོན་གནང༌།  ལྷག་པར་ཧི་མ་ལ་ཡའི་སློབ་དགེ་རྣམས་ནས་ནང་ཆོས་དོ་སྣང་དང་འབྲེལ་མ་འོངས་པར་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འགན་ཆེ་ཙམ་བཞེས་ཐུབ་ཐབས་གནང་དགོས་པ་ནི་དོན་གྱི་བདག་པོ་༸གོང་ས་མཆོག་གི་དགོངས་བཞེད་བླ་ན་མེད་པ་ཆགས་ཡོད་པ་དང༌། ཤེས་རིག་ལས་ཁུངས་ནས་ཧི་མ་ལ་ཡའི་རི་རྒྱུད་སློབ་མ་རྣམས་ལའང་སློབ་འཇུག་གོ་སྐབས་གནང་གི་ཡོད་པས། སློབ་ཁག་སོ་སོའི་ནང་བོད་སྐད་ཡིག་ཐོག་སློབ་ཁྲིད་གནད་སྨིན་ཞིག་གནང་ཡོད་ན། མ་འོངས་པར་གཏན་སློབ་ཁག་ནང་སློབ་འཇུག་སྐབས་དཀའ་ངལ་མི་འཕྲད་པ་སོགས་དགེ་ཕན་ཆེ་བས་སློབ་དགེ་རྣམ་པ་ནས་ཕ་མ་དང་འབྲེལ་ཆགས་ཀུན་ལ་སློབ་སྟོན་གནང་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་གནང༌།
    དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཟབ་སྦྱོང་ནང་ཆ་ཤས་ལེན་མཁན་རྣམས་དང༌། ཚོགས་ཡུལ་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་གཙོས་དགེ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད། ཐེངས་འདིའི་ཆོས་དགེ་ཟབ་སྦྱོང་གི་འགྲོ་གྲོན་ཁག་དཔལ་ལྡན་དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་གསོལ་རས་གནང་བ་དང༌།  ས་རཱ་མཐོ་སློབ་ནས་གོ་སྒྲིག་ཞུས་པའི་ལ་དྭགས་སློབ་དགེ་ཟབ་སྦྱོང་དེ་བཞིན་ལ་དྭགས་ཡུལ་མིའི་སློབ་ཁག་དང་དགོན་ཁག་ནང་ཕྱག་ལས་གནང་བཞིན་པའི་ལ་དྭགས་སློབ་དགེ་རྣམས་བོད་སྐད་ཡིག་གཙོ་བོ་གྱུར་བའི་སློབ་ཁྲིད་ཐབས་ལམ་སྐོར་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༥  ནས་ཟླ་ ༢ ཚེས་ ༢  ཟླ་བ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་གོ་སྒྲིག་ཞུས་ཡོད་པ་དང༌།  ཟབ་སྦྱོང་ནང་ལ་དྭགས་དགོན་པ་དང་སློབ་གྲྭ་ཁག་ནང་ཕྱག་ལས་གནང་བཞིན་པའི་དགེ་རྒན་ ༢༥ ཙམ་མཉམ་ཞུགས་གནང་ཡོད་པ་རེད།  ད་བར་ལ་དྭགས་ཡུལ་མིའི་དགེ་རྒན་ཆེད་ཟབ་སྦྱོང་ཐེངས་གསུམ་ཙམ་གོ་སྒྲིག་ཞུས་ཡོད་པ་བཅས། །

 

སྔོན་མ།
བོད་ཕྲུག་ཆེད་བོད་རིགས་ཁག་གཅིག་གིས་སློབ་ཡོན་གནང་བར་བསྔགས་བརྗོད།
ཕྱི་མ།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་གཉེར་བའི་ཟབ་སྦྱོང་མཇུག་སྒྲིལ་གནང་བ།
Menu