ཟླ་རེའི་གསར་འགྱུར།

བློན་པོ་བློ་བཟང་གི་གཏམ་རྒྱུད།

སྒྲུང་རྩོམ།

དང་པོ་ཙ་ན།  ཡུལ་གསིང་ཐང་ཞེས་བྱ་བ་ས་ལ་དགེ་བཅུ་ཚང་ཞིང་། རྟ་ནོར་ལུག་གསུམ་གྱི་ཟོག་ནི་ནམ་མཁའི་སྐར་ཚོགས་ཇི་བཞིན་བགྲང་གིསམི་ལང་བ།  ལོ་རེར་འབྲས་བཟང་གི་ལོ་ལེགས་ལ་ཆད་པ་མེད་པས།  ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་སྐྱེེ་བོ་ཀུན་ཀྱང་ངང་བ་པད་མཚོར་ཞུགས་པ་བཞིན་དགའ་སྨོན་གྱི་ངང་ནས་དེར་འདུས་ཏེ་བདེ་སྐྱིད་རྫོགས་ལྡན་ལྷ་ཡི་ལོངས་སྤྱོད་ཀྱང་ཟོལ་ལ་འགོད་པར་བྱེད་པས།  སྙན་གྲགས་ཀྱི་མེ་ཏོག་མི་དུས་རྟག་ཏུ་ཕྱོགས་ཀྱི་བུ་མོའི་རྣ་བའི་འཕྱང་འཕྲུལ་དུ་མི་གཏོང་བར་འཛིན་བསྔགས་བརྗོད་ཀྱི་སྦྲང་ཆར་འཐོར་བའི་ཡུལ་དམ་པ་དེའི་རྒྱལ་པོའི་མིང་ལ་སྟོབས་ལྡན་ཟེར་ཞིང་། དེར་རིག་པ་ཅན་གྱི་བློན་པོ་བཞི་ཡོད་པའི་ནང་བློ་གྲོས་མཆོག་ཏུ་གསལ་ཞིང་རིག་པ་རྣོ་མྱུར་ལྡན་པ་ནི་བློན་པོ་བློ་བཟང་ཡིན།  བློ་བཟང་གིས་རྒྱལ་ཁབ་ཀྱི་མངའ་ཐང་དང་འབངས་ཀྱི་བདེ་སྡུག་གི་དོན་དུ་གཉིད་བཅག་ཟས་བརྗེད་ཀྱིས་བྱ་བ་མང་པོ་སྒྲུབ་པས་རྒྱལ་པོའི་བློ་འདྲི་སར་གྱུར་པར་མ་ཟད།  འབངས་མི་ཀུན་གྱི་སེམས་སུའང་ཁོང་གི་གོ་ས་དེ་བློན་པོ་གཞན་དག་ལས་མཐོ་བ་དང་།  སྙན་གྲགས་པ་ཡང་རྒྱལ་པོ་དང་མཉམ་དུ་སྲིད་པ་གསུམ་ལ་ཁྱབ་བཞིན་འདུག ཚུལ་དེར་བློན་པོ་གཞན་གསུམ་གྱིས་ཕྲག་དོག་གིས་སྙིང་ནས་མ་བཟོད་པར་ཉིན་ཞིག་གི་ཕྱི་དྲོ་ཁོ་གསུམ་མཉམ་དུ་འདུས་ནས་རྒྱལ་པི་ལ་ཕྲ་མ་བརྒྱབ་སྟེ་རིགས་པ་ཅན་གྱི་བློན་པོ་བློ་བཟང་གི་ཐོབ་ཐང་དེ་བླངས་ཏེ་རྒྱང་འབུད་གཏོང་རྒྱུའི་གྲོས་ཐབས་ལེགས་པོ་བྱས་རྗེས།  བློན་པོ་ཟླ་བ་ཟེར་བ་དེ་རྒྱལ་པོའི་དྲུང་དུ་ཕྱིན་ནས་རྒྱལ་པོ་ལ”བདག་ཅག་གི་བློན་པོ་བློ་བཟང་འདི་ཁྱེད་ཀྱིས་ད་ལྟ་ཉིད་ནས་མེད་པར་མ་བཟོས་ན།  འདི་ལ་ཀུན་གྱི་འགྲན་ཟླ་བྲལ་ཞིང་ཐུན་མོང་མ་ཡིན་པའི་རིག་པ་དང་དྲག་རྩལ་ལྡན་པས་མཐའ་མ་རྟལ་པོའི་རྒྱལ་སྲིད་ཀྱང་འདིའི་ལག་ཏུ་འཆོར་བའི་ཉེན་ཁ་ཡོད།  ལྟོས་དང་།  ས་ལྟ་བློན་པོ་འདིའི་གྲགས་པ་ནི་ཡུལ་ལྗོངས་དང་ས་ཕྱོགས་ཀུན་ཏུ་མཚོ་འཕྱུར་འཔྱུར་དང་མེ་འབར་འབར་བྱེད་བཞིན་ཡོད།  རྒྱལ་པོའི་སྟོབས་འབྱོར་རྒྱས་པ་དང་ཀུན་ལ་བདེ་སྐྱིད་ལྡན་པ་འདི་ཡང་འབངས་རྣམས་ཀྱིས་བློན་པོ་བློ་བཟང་གི་དྱིན་དུ་བསམ་བྱིན་འདུག་པས།  མེ་ལྕེ་ཆུང་དུས་བསད་ན་བཟང་ ཞེས་འདུག་རྟེན་གྱི་འགྲོ་ལུགས་ལྟར་སོང་ན་མི་ལེགས་སམ།  བདག་གིས་བཤད་པ་ཐམས་ཅད་རྒྱལ་པོ་ལ་བློ་དཀར་བ་ལས་ཕྲག་དོག་དང་ཕྲ་མའི་ངན་སེམས་ཤིག་བཅངས་ཏེ་བཤད་པ་ཡིན་ན་ངའི་མགོ་བླངས་ཀྱང་འགྱོད་པ་མེད’ ཅེས་ཤ་ཚ་མདོག་དང་།  སྙིང་ཉེས་ཁུལ་གྱི་ལག་པའི་སོར་མོ་སྙིང་གར་ཟུམ་ནས་དེ་ལྟར་བརྗོད་པ་ན།  ཡིན་མིན་གྱི་མཐའ་ལ་དཔྱད་སྟོབས་ཕྲ་བའི་རྒྱལ་པོ་དེས་མནོ་བསམ་ཞིག་ཀྱང་མི་གཏོང་བར་བཞད་ཚད་རང་ལ་གློ་བ་དཀར་བ་དང་བདེན་པར་རློམ་པ་སྟེ།  “ ཁྱོད་ཀྱིས་བརྗོད་པའི་གཏམ་ལ་གྱ་གྱུ་དང་འཁྱོག་ཚིག་གཏན་ནས་མེད།  བཙུན་མོ་དང་ངེད་གཉིས་ཀྱིས་ཀྱང་སྔ་མོ་ནས་དེ་ལྟར་དགོངས་བཞིན་ཡོད་པས་དེ་རིང་ནས་བློན་པི་དེ་སྤྱུགས་ཐབས་གྱིས་ཤིག  ‘ ཅེས་བཤད་རྗེས་བློན་པོ་ཟླ་བ་རང་གིས་རིག་པ་ལ་ཁེངས་རློམ་སྐྱེས་ཏེ་སྙིང་དགའ་བའི་ངང་དལ་གྱིས་རང་ཡུལ་དུ་བཞུད་སོང་།
ཉིན་དེའི་དགུང་མོ་རྒྱལ་པོ་དང་བཙུན་མོ་གཉིས་ཟིམ་ཁང་གི་མལ་ཁྲི་ལ་ཞུགས་ཏེ་བདེ་བར་ཉལ་རྗེས་རྒྱལ་པོས་སྐད་གདངས་དམའ་མོཌྷའི་ངང་བཙུན་མོའི་རྣ་བ་ལ་གཏད་དེ་” དེ་རིང་བློན་པོ་ཟླ་བ་ཡང་ངའི་མདུན་དུ་ཡོང་སྟེ་བློན་པོ་བློ་བཟང་འདི་མ་བསད་ན།  འདི་ལ་རིག་པ་ཆེ་བས་མཐའ་མ་རྒྱལ་སྲིད་ཀྱང་དེའི་ལག་ཏུ་འཆོར་ཉེན་ཡོད་ཅེས་ཟེར’ ཞེས་བཤད་རྗེས་གཡོ་འཕྲུལ་ཆེ་བའི་བཙུན་མོལ་སྔར་ནས་བློན་པོ་བློ་བཟང་བསོད་འདོད་ཀྱི་ཀུན་སློང་ཡོད་པས་ད་ནི་གླགས་རྙེད་བྱུང་བསམས་ཏེ་གདོང་ལ་འཛུམ་མདངས་ཤིག་རྒྱས་ཏེ་མོས་ཤིང་སྙིང་དུང་བའི་ཟོལ་གྱིས་རྒྱལ་པོ་ལ་” བློན་པོ་ཟླ་བ་ནི་རང་བཞིན་བཟང་ལ་ཞིང་ལྷག་བསམ་ལྡན་པ།  ལྷག་པར་དུ་རྒྱལ་པོ་ཁྱེད་ཉིད་ལ་གློ་བ་དཀར་བ་ཞིག་ཡོན་པས།  ཁོས་བཤད་པའི་སྐད་ཆའི་ནང་དུའང་རྫུན་གྱི་དྲི་ཙམ་ཡང་ཡོད་མི་སྲིད།  དགྲ་ངན་དེ་བསད་རྗེས་རྒྱལ་པོའི་བློ་འདྲི་ས་བློན་པོ་ཟླ་བ་བྱས་ཀྱང་་ངས་བལྟས་ན་དེར་བློ་རིག་ལྡན་པར་མ་ཟད།  ད་དུང་གཞུང་རྒྱུད་དྲང་ལ་གཡོ་སེམས་མེད’ ཅེས་བཤད་པའི་དམིགས་ཡུལ་ནི་བློན་པོ་ཟླ་བ་དེ་རང་དང་བར་ཐག་ཇེ་ཉེར་གཏོང་བའི་དོན་ཡིན་པ་ཁོ་ཐག་རེད།  མ་གཞི་བློན་པོ་ཟླ་བ་ནི་ལོ་ན་གཞོན་ཞིང་ཤེས་རིག་ལྡན་པ།  ལང་ཚོའི་སྐྱེས་གཟུགས་ན་ལྷ་རིགས་གཞོན་ནུ་ཞིག་ས་གཞིར་བབས་པ་བཞིན་ཀུན་གྱིས་འགྲན་ཟླ་བྲལ་ཞིང་།  བུད་མེད་རྣམས་ཀྱིས་མཐོང་འཕྲལ་ཡིད་བརྟན་དབང་མེད་དུ་འཕྲོག་སྟེ་སྙིང་མྱོས་པར་བྱེད་པ་ཞིག་ཡིན་པ་དང་།  ལྷག་པར་དུ་ཉིན་ཤས་ཀྱི་སྔོན་རྒྱལ་པོ་སྟོབས་ལྡན་རི་དྭགས་རྔོན་དུ་སོང་སྟེ་ཟླ་ཕྱེད་ཅིག་འགོར་བའི་རིང་ལ་མོས་དུས་རྒྱུན་དུ་བློན་པོ་ཟླ་བ་བོས་ཏེ་ཉིན་དཀར་མེ་ཏོག་ར་བའི་ནང་ཁོ་གཉིས་ལུས་འདྲེས་ཏེ་ཉལ་བ་དང་།  མཚན་མོ་རང་གི་གཟིམ་ཁྲིར་བོས་ནས་མཉམ་དུ་འདོད་པའི་དགའ་སྟོན་ལ་རོལ་བ་སོགས་བྱས།  ཚུལ་དེ་བློན་པོ་བློ་བཟང་གིས་ཤེས་འགྲོ་བར་དོགས་ནས་རྒྱལ་པོ་ལ་བློན་པོ་བློ་བཟང་གསོད་དགོས་ཚུལ་དང་བློན་པོ་ཟླ་བ་ལ་བསྟོད་པ་དེ་དག་བྱས་པ་རེད།  དེ་ནས་རྒྱལ་པོས་ཚིག་མཚམས་བཅད་དེ” འོ་ན་བློན་པོ་གསོད་པར་ཐབས་བཟང་པོ་ཅི་ཞིག་མཆིས’ ཞེས་དྲིས་ཚེ་མོས་ཡུད་ཙམ་ལ་བསམ་བློ་ཞིག་བཏང་སྟེ་གློ་བུར་ཁོང་དགོད་ཅིག་བྱེད་བཞིན་ “ འོ།  ཁྱེད་ཀྱིས་གསོན་དང་ངས་ཐབས་ཤིག་རྙེད་བྱུང་།  ནངས་ཀ་སྔ་མོར་ངེད་གཉིས་ཀྱིས་ཁོ་རང་བསྔགས་སྟོན་གྱི་མགྲོན་ལ་འབོད་ཁུལ་བྱས་ཏེ།  ཤ་ཆང་ཀ་ར་སིལ་ཏོག་སོགས་གཡོས་སྦྱོར་གྱི་སྡེར་སྐལ་རྒྱ་ཆེར་བཤམས་ཏེ་ཁོ་ལ་ཡིད་ཚིམས་པ་ཞིག་ཟ་རུ་བཅུག་རྗེས།  ངེད་ཚང་གི་བཅུ་དྲུག་ལང་ཚོ་རྫོགས་པའི་བུ་མོ་གཞོན་མུ་མ་སྒྲོལ་མས་ཁོ་ལ་དགའ་བའི་གཏམ་སྣ་ཚོགས་བཤད་བཞིན་ཆང་གང་འདོད་དུ་ལག་ལ་དྲངས་ན་ཁོ་ཤིན་ཏུ་དགའ་བའི་ངང་ཟས་ཚོད་མེད་པར་ཟོས་ཏེ་ཡར་ལངས་ཡང་མི་ཐུབ་པར་འགྱུར།  སྐབས་དེར།  སྒོ་རུ་མི་མང་པོས་སྐད་ཆེན་པོས་འུར་རྒྱག་ཏུ་བཅུག་ཚེ།  སྒྲོལ་མས་སྐབས་དེ་དང་བསྟུན་ནས་་ སྒོ་རུ་ཅི་ཞིག་བྱུང་ངམ་་ ‘ཞེས་སྒོ་ལ་རྒྱུག་ན།  ཁོ་ཧང་རང་དབང་མེད་པར་སྒོའི་ལྟད་མོ་ལ་བལྟ་རུ་འགྲོ་འདོད་པས་ཡར་ལངས་ཏེ་འགྲོ་ངེས་ཡིན།  སྟབས་སྟབས་པོའི་ངང་གློ་བུར་དུ་ཡར་ལངས་ན་གཡག་འཆོར་ལ་ཐེ་ཚོམ་མེད་པས།  དེའི་དུས་སུ་ངེད་གཉིས་ཀྱིས་ཁོ་ལ་སྡིགས་མོ་བྱས་ཏེ།  ངེད་གཉིས་ཀྱིས་ཁྱེད་རང་འདིར་བོས་ཏེ་སྟོན་མོ་བྱས་ན་ཁྱེད་ཀྱིས་ངེད་གཉིས་ལ་ཡར་འཇོག་མི་བྱེད་པར་མདུན་དུ་གཡག་བཏང་སྟེ་དམའ་འབེབས་བྱས་པས་ཁླིམས་ལ་སྦྱོར་རྒྱུ་ཞེས་བཤད་ཚེ་ཁོ་ལ་ལན་གྱིས་དབུལ་བས། མགོ་བཅོད་པའི་ཁྲིམས་བཅད་ན་མི་བཟང་ངམ” ཞེས་བཤད་པ་ན།  རྒྱལ་པོ་དེ་ཉིད་རང་གི་བཙུན་མོ་རིག་པ་ཅན་ཞིག་རེད་ཨང་།  ཁྱེད་ཀྱིས་བརྗོད་པའི་གཏམ་ཏོག་ཏུ་འཇོག’ སེར།
ཕྱི་ཉིན་ཉི་མའི་འོད་ཟེར་མདུན་གྱི་རི་རྩེར་འཕྲོས་པ་དང་མཉམ་དུ་བཙུན་མོ་མལ་ལས་ལངས་ཏེ་བུ་མོ་སྒྲོལ་མ་ལ་མཛེས་སྡུག་མཆོར་སྒེག་ལྡན་པའི་རྒྱན་ཆ་སྣ་ཚོགས་ཀྱིས་ལེགས་པར་སྤྲས་སུ་བཅུག་སྟེ།  ཁང་བ་སོགས་ཕྱི་ནང་ཀུན་ལ་བྱི་དོར་ལེགས་པོ་བྱེད་དུ་བཅུག་རྗེས།  ཤ་དང་ཚོད་མ་ཀ་ར་སིལ་ཏོག་ཆང་སོགས་མདུན་ཅོག་སྟེང་དུ་མཛེས་པར་བཤམས།  སྐབས་དེར།  ཉི་མ་ཡང་ཨ་སྔོན་གྱི་དབྱིངས་སུ་ཐག་ཚད་གཅིག་ཙམ་འཕགས།  དེ་ནས་བུ་མོ་སྒྲོལ་མ་སོང་ནས་བློན་པོ་བློ་བཟང་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་པ་ན།  རྒྱལ་པོས་ཁོ་ལ་ཁྲི་རང་དང་མཐོ་དམའ་མེད་པ་ཞིག་བརྒྱབ་སྟེ་དེའི་སྟེང་དུ་བཞུགས་སུ་བཅུག་སྟེ་འཛུམ་གྱི་བཞིན་རས་སྐད་ཅིག་ཙམ་ཡང་མི་གཏོང་བར་ཟས་ལག་ཏུ་དྲངས་པ་དང་།  བཙུན་མོས་ཀྱང་ཁྱེད་ཀྱིས་རང་རེའི་རྒྱལ་ཁབ་འདི་ལ་ཤ་ཚ་ཚུལ་དང་སྙིང་ཉེ་ཚུལ་གྱི་ཁ་ཡག་དང་ངོ་དགའི་གཏམ་སྣ་ཚོགས་བཤད་ནས་ཟས་དྲངས་པ་ན།  བློན་པོས་རྒྱལ་པོ་ལ་ངན་ཐབས་དེ་འདྲ་ཞིག་མཆིས་པ་བློ་ཡུལ་དུ་མ་ཤར་བར་ཧ་ཅང་ཡིད་ཚིམས་པར་ཟོས།  རྒྱལ་པོས་བློན་པོ་བློ་བཟང་འགྲངས་ནས་ཟས་ཟ་ཐུབ་ཀྱིན་མེད་པའི་སྐབས་དེར།  སྲས་མོ་སྒྲོལ་མ་ལ་རྣམ་འགྱུར་བྱས་ནས་ཆང་དང་ཟས་སྟོབས་ཞེས་པའི་བརྡ་ཞིག་བསྟན་མ་ཐག  སྒྲོལ་མ་ཡང་གདོང་ལ་འཛུམ་གྱིས་ཁེངས་བཞིན་བློན་པོའི་མདུན་དུ་དེངས་ཏེ་ཆང་དང་ཤ་སོགས་ལག་ལ་དྲངས་ནས།  ནན་ཏན་གྱིས་ཟ་དགོས་ཚུལ་གྱི་འདོད་གཏམ་སྣ་ཚོགས་ལབ་པ་ན་བློན་པོ་ཡང་དགའ་བའི་ངང་ནས་ཆང་བག་མེད་དུ་བཏུང་སྟེ་ཅུང་བཟི་བར་གྱུར་རྗེས། སྒྲོལ་མའི་ལང་ཚོའི་མཛེས་སྡུག་གི་ངོ་མ་ཆོད་པར་ལག་པ་བསྟབས་པའི་ཟས་ཐམས་ཅད་ཁ་ནང་ལ་ཟོས།  དེ་ནས་ཁོའི་ལྟོ་བ་འགྲངས་དྲགས་ནས་རྒྱབ་ཀྱི་ཁྲི་ལ་སྔས་ཏེ་དབུགས་འཚང་བཞིན་པའི་སྐབས་དེར།  སྒོའི་ཕྱི་རོལ་ན་ངོ་མཚར་བའི་ལྟད་མོ་ཞིག་བྱུང་བ་བཞིན་མི་མང་བོའི་རྐང་སྒྲ་དང་དགོད་སྒྲ་དུས་གཅིག་ཏུ་གྲགས་པ་ན།  སྒྲོལ་མས་ཨ་ཡ་མཚན་ལྟད་མོ་ཆེན་པོ་འདུག་ཅེས་སྒོ་ལ་བརྒྱུགས་སོང་།  བློན་པོས་ཅི་ཡིན་འདི་ཡིན་མ་ངེས་པར་ཡར་ལངས་ནས་སྒོ་ལ་འགྲོ་གྲབས་ཤིག་བྱས་པ་ན།  དབང་མེད་དུ་ཡག་ཅིག་ཤོར་སོང་།  དེ་ནས་རྒྱལ་པོ་དང་བཙུན་མོ་གཉིས་ཐུགས་ཤིན་ཏུ་ཁྲོས་ཏེ་བློན་པོའི་གཉའ་བར་བཟུང་ནས “ ངེད་གཉིས་ཀྱིས་ཁྱོད་ལ་རིག་པ་རྣོ་ཞིང་རྒྱལ་སྲིད་སྐྱོང་བའི་ཕྱོགས་ལ་རོགས་རམ་ཆེ་ཞེས་བཟང་བོར་བརྩིས་ཏེ་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་ན་ས་སྟོན་མོ་བྱས་ན།  ཁྱོད་ཀྱིས་ངེད་གཉིས་རྐང་ཞབས་གྱི་ལྷམ་མཐིལ་ཙམ་ལའང་མི་མཐོང་བར་ཟས་ཀྱིས་ངོམས་ན་མདུན་དུ་གཡག་གཏིང་བའི་རྒྱུ་མཚན་ཅི་ཡིན།  དྲིན་ཆེན་ལ་དྲིན་ལོག་བྱེད་པའི་མི་ངན་ཁྱོད་ལྟ་བུ་ད་ལྟ་ཉིད་དུ་བསད་ན་བཟང་།  རྒྱལ་པོ་ངའི་དྲིན་མིན་ན་ཁྱོད་རང་བློན་པོར་ཅི་ལྟར་འདུག’ ཅེས་བློན་པོ་གཞན་རྣམས་བོས་ནས་གསལ་ཞིང་ལ་སྐྱོན་པའི་ཁྲིམས་ཐག་བཅད་དེ་གསོད་རྩིས་བྱེད་པའི་སྐབས་དེར།  བློན་པོ་བློ་བཟང་གིས་སྐད་གཅོམ་ཆུང་ངུའི་ངང་རྒྱལ་པོ་ལ” ཁྱེད་ཀྱིས་ང་བསད་ན་ཆོག་མོད།  ངས་ཉམས་ཐག་པའི་འབངས་མི་ཐམས་ཅད་དང་ལྷག་པར་དུ་རྒྱལ་པོ་ཁྱེད་དཔལ་འབྱོར་གྱི་ཐད་ལ་རོགས་རམ་བྱེད་རྒྱུའི་འཆར་གཞི་ཞིག་ཡོད་པ་དེ་ཡང་ཉམས་འགྲོ’ ཞེས་བཤད་པ་ན། རྒྱལ་པོས་”དམངས་དང་ངེད་རྒྱལ་སྲིད་ལ་སྨན་པའི་འཆར་གཞི་ཅི་ཞིག་ཡོད’ ཅེས་དྲིས།  བློན་པོས” ངའི་ལག་ན་དངུལ་གྱི་ས་བོན་ཞིག་ཡོད ངས་ད་ལོ་འདེབས་འདོད་མོད་ད་འདེབས་མ་ཐུབ་པ་རེད།  ‘ རྒྱལ་པོས” ཁྱེད་ལ་ངོ་མའི་དངུལ་གྱི་ས་བོན་ཞིག་ཡོད་ན་ཁྱོད་མི་གསོད།  ད་ལོ་འདེབས་པར་གྱིས’ ཟེར།  བློན་པོས” དེ་ནི་གཡག་ཤོར་མ་མྱོང་བའི་མི་ཞིག་གིས་འདེབས་དགོས།  ད་ལྟ་ངས་ཀྱང་གཡག་ཤོར་སོང་བས་བཏབ་ཀྱང་མི་སྐྱེས། རྒྱལ་པོ་ལགས།  ཁྱེད་ཀྱིས་སང་ཉིན་འབངས་རྣམས་གཅིག་ཀྱང་མ་ལུས་པར་ཕྱོགས་གཅིག་ཏུ་བསྡུས་དང་དེའི་ཁྲོད་དུ་གཡག་ཤོར་མ་མྱོང་བའི་མི་ཡོད་ན་ངས་དངུལ་གྱི་ས་བོན་དེ་ལ་སྟེར།  དེས་བཏབ་ཚེ་ལོ་གཅིག་གི་ནང་ས་ཆ་ཐམས་ཅད་དངུལ་གྱིས་བཀང་བར་འགྱུར ‘ ཞེས་བཤད་པ་ན་རྒྱལ་པོ་ཤིན་ཏུ་ངོ་མཚར་ནས་”དེ་ལྟར་བྱེད།  དེ་ལྟར་བྱེད’ ཅེས་བློན་པོ་བློ་བཟང་བཏང་ནས་རང་གི་འདུག་གནས་སུ་སྐྱེལ་དུ་བཅུག
ཕྱི་ཉིན་རྒྱལ་པོས་ཡུལ་ཕྱོགས་ཀུན་གྱི་འབངས་རྣམས་གནས་གཅིག་ཏུ་བསྟུས་ཏེ་མི་རེ་རེ་ལ་དྲིས་ཏེ་གཡག་ཤོར་མ་མྱོང་བའི་འབངས་མི་ཞིག་བཙལ་མོད་གཅིག་ཀྱང་རྙེད་མ་བྱུང་།  དེ་ནས་བློ་པོ་བློ་བཟང་གིས” ཨ་ཁུ་རྒྱལ་པོ་ལགས།  ཁྱེད་རང་གིས་གཡག་ཤོར་མྱོང་ངམ་མ་མྱོང་་།  གལ་ཏེ་མ་མྱོང་ན་དངུལ་གྱི་ས་བོན་ཁྱོད་ལ་སྟེར’ ཞེས་པས།  རྒྱལ་པོས” ངས་གཡག་ཤོར་མྱོང’ཟེར།  ཡང་བློན་པོས” བཙུན་མོ་དམ་པ་ལགས།  ཁྱེད་ཀྱིས་གཡག་ཤོར་མྱོང་ངམ་མ་མྱོང་། གལ་ཏེ་མ་མྱོང་ན་དངུལ་གྱི་ས་བོན་ཁྱེད་ལ་སྟེར’ཞེས་པས།  བཙུན་མོས་གདོང་དམར་པོའི་ངང་”ངས་ཀྱང་གཡག་གཅིག་ཤོར་བ་དྲན’ ཟེར།  དེ་ནས་བློན་པོ་བློ་བཟང་གིས་མི་མང་བོའི་གྲས་སུ་ཚམ་ཚོམ་མེད་པར་ལངས་ཏེ་སྐད་གསེང་མཐོན་པོས་བཤད་རྒྱུར” ཁ་སང་ངས་རྒྱལ་པོའི་མདུན་དུ་གཡག་ཅིག་ཤོར་བ་ན་ཚེ་སྲོག་གི་ཆད་པ་ཡོད་ཟེར། དེས་མ་འདིར་ཚོགས་འབངས་མི་ཀུན་ལ་ཚེ་སྲོག་གི་ཆད་པ་གཅོད་རྒྱུ་ཡིན་ནམ། ཐ་ན་ཁྲིམས་གཅོད་མཁན་གྱི་རྒྱལ་པོ་དང་བཙུན་མོགཉིས་ཀྱིས་ཀྱང་གཡག་ཤོར་མྱོང་བས།  སྲོག་གཅོད་ཀྱི་ཆད་པ་བབས་འདུག  འདི་མི་ཇི་འདྲའི་འཇིག་རྟེན་གྱི་ལུགས་དང་མི་མཐུན་པའི་ཁྲིམས་ལུགས་ཤིག་རེད་ཨང་།  ‘ དེ་ནས་རྒྱལ་པོ་དང་བཙུན་མོ་གཉིས་ལ་ལྡོན་རྒྱའི་ལན་ཅི་ཡང་མེ་པར་གྱུར་ནས་ཕོ་བྲང་ཏུ་ཕྱིར་ལོག་གོ ། འབངས་མི་རྣམས་ཀྱིས་ཀྱང་མགོ་བོ་འཕྲེད་དུ་གཡུག་ཅིང་ཤབ་ཤུབ་ཀྱི་སྨྲེ་ངག་ཅིག་འདོན་བཞིན་རང་རང་གི་ཁྱིམ་ཏུ་བཞུད།
དེའི་དགོང་མོར་ངན་སེམས་ཅན་གྱི་བློན་པོ་བཞན་གསུམ་རྒྱལ་པོའི་གཟིམ་ཁང་ལ་སོང་ནས་རྒྱལ་པོ་ལ་བློན་པོ་བློ་བཟང་གིས་རིག་པ་ཚ་ན་ས་དེ་རིང་འབངས་མི་ཀུན་གྱི་མདུན་སར་རྒྱལ་པོ་དང་བཙུན་མོ་གཉིས་ལ་ངོ་ཚ་ཉོ་རུ་བཅུག་ནས། རྒྱལ་པོ་ལ་བརྩི་བཀུར་མ་བྱས་པས།  སྲོག་གི་ཆད་པ་མི་གཅོད་རུང་།  བློན་པོའི་གོ་གནས་བླངས་ཏེ་གནས་དབྱུང་བྱེད་པའི་བསམ་འཆར་བཏོན་པ་ན་ལངས་ཕྱོགས་མེད་པའི་རྒྱལ་པོདེའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས།
ཕྱི་ཉིན་ཉི་མ་ཤར་བ་དང་མཉམ་དུ་རྒྱལ་པོས་བློན་པོ་བློ་བཟང་བོས་ནས” སྤྱིར་ཁྱོད་ལ་སྲོག་གི་ཆད་འབབ་མོད།  སྔོན་ཁྱེད་ཀྱིས་ཀྱང་རྒྱལ་སྲིད་བསྐྱངས་པའི་ཕྱོགས་ལ་རོགས་རམ་ཅུང་ཟད་བྱས་རྐྱེདན།  ངེད་རྒྱལ་བློན་རྣམས་བགྲོས་ནས་དུས་དེ་རིང་ནས་བཟུང་བློན་པོའི་གོ་གནས་བླངས་ཏེ་རང་ཡུལ་ལ་རྒྱང་འབུད་བཏང་བ་ཡིན’ ཞེས་བཤད་པ་ན་བློན་པོས་ཅང་མི་སྨྲ་བར་ཕྱིར་སོང་ནས་རང་ཡུལ་ལ་ཆས་པའི་སྟ་གོན་བྱས།
དུས་ཚོད་ནི་རི་གཟར་གྱི་རྦབ་ཆུ་ཇི་བཞིན་གནས་གཅིག་ཏུ་སྐད་ཅིག་ཙམ་ཡང་མི་སྡོད་པར་ཟླ་བ་རེ་རེ་བཞིན་ལོ་དུ་མ་འགོར་སོང་།  དེའི་རིང་ལ་རྒྱལ་ཁབ་འདིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་གི་ཐད་ནས་ཀྱང་མར་ངོའི་ཟླ་བ་བཞིན་འགྲིབ་སྟེ་འབངས་ཐམས་ཅད་ལ་འཚོ་བའི་སྡུག་བསྔལ་གྱིས་མནར་ནས་ཉམ་ཐག་པར་གྱུར།  རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་ཀྱང་ད་ལྟ་རང་རེའི་རྒྱལ་ཁབ་འདི་འདི་འདྲའི་དབུལ་ཞིང་ཉམས་རུལ་དུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ནི་སྔར་གྱི་བློན་པོ་བློ་བཟང་བདའ་བའི་ཉེས་དམིགས་ཡིན་པ་དང་ཡིད་ལ་ཝ་ལེར་འཆར་ཡང་།  དེ་ནི་ཐམས་ཅད་འཕྱིས་སོས་བས་རང་རང་ས་ན་འགྱོད་པའི་ཤུགས་རིང་གླལ་ལ་བརྟེན་བཞིན་གནས་པ་ལས་ཐབས་མེད།  ཕྲག་དོག་གི་དུག་ཆུ་སྙིང་ན་འཁོལ་བའི་བློན་པོ་གཞན་རྣམས་ནི་ཁོ་ཚོའི་འདོད་དོན་ཡོངས་སུ་འགྲུབ་སྙམ་ནས་ཡིད་ཚིམས་ཞིང་ཕན་ཚུན་དགའ་བའི་འཛུམ་ཕྲེང་སྟོན་བཞིན་མཆིས།
རྒྱལ་པོ་སྟོབས་ལྡན་ལ་མཚོན་ན་ལོ་རེའི་དཔྱིད་ཟླ་ར་འི་ནང་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རྒྱལ་པོ་སྐལ་བཟང་དང་མཉམ་དུ་རང་རི་སྐྱེས་སྐར་ལ་ཐོན་ཚེ་སྟོན་མོ་བྱས་ཏེ་དགའ་སྟོན་ལ་རོལ་བའི་སྲོལ་ཞིག་ཆགས་པས  དཔྱིད་དཔལ་རབ་ཏུ་རྒྱས་ཏེ་ནོར་འཛིན་བུ་མོའི་ལུས་ཡོངས་ལ་སྔོ་ལྷང་རྩྭ་འཇམ་གྱི་གོས་དང་མེ་ཏོག་སྣ་ཚོགས་ཀྱི་རྒྱན་ཆས་མཛེས་པར་སྤྲས་པའི་ཉིན་ཞིག་ལ།  རྒྱལ་པོ་སྐལ་བཟང་དང་རྒྱལ་པོ་སྟོབས་ལྡན་གཉིས་ཀྱི་ཞིམ་མངར་རོ་བརྒྱ་ལྡན་པའི་སྐྱེས་སྐར་གྱི་སྟོན་ཟས་ལ་ཚིམས་པར་སྤྱད་རྗེས།  ཁོ་གཉིས་མཉམ་དུ་འགྲོགས་ཏེ་ཁམས་བསང་གི་ཕྱིར་དུ་དགུ་ཐོག་གི་རྩེ་རུ་ཕྱིན་ནས་རང་རང་གི་འདོད་གཏམ་སྣ་ཚོགས་སྨྲ་བཞིན་དགུ་ཐོག་གི་རྩེ་ནས་མར་བལྟས་ཚེ།  རྒྱལ་པོ་སྟོབས་ལྡན་ཚང་གི་རྟ་རའི་ནང་གི་རྟ་ཞིག་གི་རྒྱབ་ན་མེ་ཏོག་ཅིག་ཡོད་པ་མཐོང་།  སྟོབས་ལྡན་གྱིས་ངེད་ཚང་གི་རྟའི་རྒྱབ་ན་མེ་ཏོག་རང་སྐྱེས་ཡོད་ཚུལ་དང་།  རྟ་འདི་གཞན་ལས་ཁྱད་པར་དུ་འཕགས་ཚུལ་སོགས་སེམས་ལ་གང་དྲན་བཤད་དེ་རྒྱལ་པོ་སྐལ་བཟང་ལ་ཡ་མཚན་སྐྱེ་རུ་འཇུག་འདོད་ཀྱང་།  རྒྱལ་པོ་སྐལ་བཟང་དེ་ལ་ཡིད་མ་ཆེས་པར” གལ་ཏེ་ཁྱོད་ཚང་གི་རྟའི་རྒྱབ་ཀྱི་མེ་ཏོག་དེ་རང་སྐྱེས་ཤིག་ཡིན་ན་ངའི་རྒྱལ་སྲིད་ཕྱེད་ཀ་ཁྱེད་ལ་སྟེར’ ཞེས་བཤད།  དེ་ནས་རྒྱལ་པོ་སྟོབས་ལྡན་གྱིས་མེ་ཏོག་དེ་རང་སྐྱེས་ཤིག་མིན་ན་རྟའི་རྒྱབ་ལ་ཇི་ལྟར་འགྲོ་ལདོད་ནས” ངེད་ཚང་གི་རྟའི་རྒྱབ་ཀྱི་མེ་ཏོག་དེ་རང་སྐྱེས་ཤིག་མིན་ན།  ངའི་རྒྱལ་སྲིད་ཕྱེད་ཀ་ཁྱེད་ལ་སྟེར་བའི་ཁར་ད་དུང་རྒྱལ་པོ་ཁྱོད་ཀྱིས་ངེད་གཉིས་ཀྱི་འབངས་ཐམས་ཅད་བསྡུས་པའི་མདུན་སར་ངའི་ཁ་ནང་ལ་སྐྱག་པ་བཏང་ན་ཆོག’ ཅེས་ཟེར།  དེ་ནས་ཁོང་གཉིས་ཀྱི་དེ་ལྟར་བྱེད་རྒྱུའི་མནའ་བཅད་རྗེས་ཕོ་བྲང་གི་རྩེ་ནས་མེ་བབས་ཏེ་རྟ་རར་སོང་སྟེ་ལྟ་དུས་རྟའི་རྒྱབ་ཀྱི་མེ་ཏོག་དེ་ནི་རྟ་མེ་ཏོག་ལྡུམ་རའི་ནང་ལ་སོང་ནས་འགྲེ་ལོག་བརྒྱབ་སྟེ་སྒལ་བར་འབྱར་སོང་བ་ཞིག་ཡིན།  དེ་ནས་རྒྱལ་པོ་སྟོབས་ལྡན་གྱིས་རྒྱལ་ཤོར་བས།  ཁོ་གཉིས་ཀྱིས་ཉི་བཅད་བསྒོས་ཏེ་ཉིན་དེར་རྒྱལ་སྲིད་ཕྱེད་ཀ་ཁྱེར་རྒྱུ་དང་རྒྱལ་པོ་སྟོབས་ལྡན་གྱི་ཁ་ནང་ལ་སྐྱག་པ་གཏོང་རྒྱུ་བྱས་རྗེས་བུད་སོང་།  ཉིན་དེའི་དགུང་མོར་རྒྱལ་པོ་སྟོབས་ལྡན་འགྱོད་གདུང་དྲག་པོ་སྐྱེས་རེ་བློ་ཕམ་ཞིང་གདོང་བ་དམར་བའི་ངང་བཙུན་མོ་ལ་གནས་ཚུལ་དེ་རིགས་གསལ་བོར་བརྗོད་པ་ན།  བཙུན་མོ་རིག་པ་ཅན་དེ་ཡང་ད་ནི་ཉི་མའི་ཚ་ཟེར་གྱིས་གདུང་བའི་པད་མ་ཇི་བཞིན་མགོ་བོ་བྲང་ལ་དུད་ནས་འདུག་པ་ལས་ལན་གྱིས་དབུལ་སོང་།  ཁོ་བཟའ་ཟླ་གཉིས་ནི་དེ་ལྟར་རི་མོ་བྲིས་པའི་གཟུགས་བརྙན་བཞིན་སྨྲ་བ་མེད་པར་ཡུད་ཙམ་འགོར་རྗེས།  བཙུན་མོས་རྒྱལ་པོ་ལ་སྐད་དམའ་མོའི་ངང་ནས་ད་ནི་བྱ་བ་ཐམས་ཅད་འཕྱིས་སོང་།  སྔར་བློ་གྲོས་ཅན་གྱི་བློན་པོ་བློ་བཟང་དེ་རྒྱང་འབུད་དུ་བཏང་མེད་རྒྱུ་ན་ཁོ་ལ་རིག་ཐབས་སྣ་ཚོགས་མཆིས་པས་དོན་འདིའི་ཕྱོགས་ལ་བློ་ཐབས་ར་ཡོད་སྲིད་མོད།  ད་ནི་བྱ་བ་ཐམས་ཅད་འཕྱིས་སོང’ཟེར་བཞིན་རྒྱལ་པོའི་གདོང་ལ་ཅེ་རེ་བལྟས་ནས་བསྡད།  དེ་ནས་རྒྱལ་པོས་ཀྱང་བློན་པོ་བློ་བཟང་ལ་རིག་པ་ཤིན་ཏུ་རྣོ་བས་འདི་ལྟ་བུའི་གནས་ཚུལ་སླ་མོ་ཞིག་སྒྲུབ་ཐུབ་པ་དང་།  ཁོ་རང་མ་ཉེས་སྐྱོན་འགེལ་གདུང་དྲག་པོ་སྐྱེས་བཞིན་རང་གི་རང་ལ་ཁུ་ཚུར་གྱིས་སྣུན་བཞིན་འདུག དེ་ནས་ཁོས་སླར་བློ་བཟང་གི་བློ་གྲོས་དང་བྱས་རྗེས་རྣམས་ལ་ཕྱིར་དྲན་རེ་བྱས་ཚེ་ད་དུང་དུས་ཚོོད་རིང་བས་བློན་པོ་བློ་བཟང་བའི་ཁོམ་ལོང་ཡོད་སྙམ་ནས་བཙུན་མོ་ལ་བློན་པོ་བློ་བཟང་བཙལ་བའི་ཐབས་ཡོད་མེད་དྲིས་པ་ན།  བཙུན་མོ་ནི་རྒྱལ་པོ་ལས་རིག་པ་ཅུང་མྱུར་བས།  མནོ་བསམ་ཅུང་ཙམ་བཏང་རྗེས་རྒྱལ་པོ་ལ་”བདག་གིས་གོ་ཚོར་ལྟར་ན་བློན་པོ་བློ་བཟང་གི་གོ་ས་བླངས་ཏེ་གནས་དབྱུང་བྱས་པ་ནས་བཟུང་ཁོ་རང་ཡུལ་ལ་མ་སོང་བར་གནས་ངེས་མེད་དུ་འཁྱམས་ཟེར།  འོན་ཀྱང་དེ་བཙལ་ཐབས་ལ་སྐྱོན་མི་འདུག སང་ཉིན་ཆབ་འོག་གི་འབངས་མི་ཁྱིམ་ཚང་རེ་རེ་ལ་ལུ་གུ་རེ་བྱིན་ཏེ།  ལུ་གུ་སྟེར་སྐབས་ལུག་རེ་རེའི་རྒྱ་མའི་ཁ་གྲངས་བྲིས་ཏེ་ཕྱིར་སྤྲོད་སྐབས་ཀྱང་ཡང་ལྕི་ཅུང་ཤོར་མི་པར་རྒྱ་མ་སོར་ན་གནས་དགོས་པའི་བཀའ་ཕབ་ཚེ།  བློན་པོ་བློ་བཟང་གང་ན་ཡོད་པ་ཤེས་ཐུབ’ ཟེར་བར།  རྒྱལ་པོ་ཤིན་ཏུ་མཚར་ནས་ཕྱི་ཉིན་དེ་ལྟར་དུ་བྱས་སོ། །
ཉིན་བཅོ་ལྔ་ཙམ་འགོར་རྗེས་རྒྱལ་པས་འབངས་མི་རྣམས་ལ་ལུ་གུ་ཕྱིར་སྤྲོད་དགོས་པའི་བཀའ་ཕབ།  རེ་རེ་བཞིན་རྒྱ་མ་ཚད་ན་ལ་ལ་ལྕི་སོང་བ་དང་ལ་ལ་ཡང་སོང་བ།  ཡང་ལ་ལའི་ལུ་གུ་ཤི་སོང་ནས་ཕྱིར་སྤྲོད་རྒྱུ་མེད་པ་སྣ་ཚོགས་ཡོད།  བློན་པོ་བློ་བཟང་སྦས་ཡོད་པའི་ཁྱིམ་ཚང་དེར་བློ་བཟང་གི་རིག་པས་ལུ་གུ་དང་སྤྱང་ཀི་གཉིས་ཕན་ཚུན་འཕྲད་མི་ཐུབ་པའི་ཕྱོགས་གཉིས་སུ་བཏགས་ནས་བར་ལ་རྩྭ་ཉུང་ངུ་རེ་འཕངས་པས་ལུ་གུ་སྤྱང་ཀི་ལ་སྐྲག་ནས་ཤི་ཡང་མ་ཐུབ་ལ་ཤེད་ཀྱང་འབུད་མ་ཐུབ་པར་སོར་ན་གནས་སོ། །  དེ་བས་ཁྱིམ་ཚང་དེས་ལུ་གུ་ཕྱིར་སྤྲོད་སྐབས་ཀྱང་སྔར་གྱི་ལྗིད་ཚད་ལས་མ་འདས།  དེ་ནས་རྒྱལ་པོས་དེའི་རྒྱུ་མཚན་དྲིས་པ་ན། ཁྱིམ་བདག་གིས་རང་གི་ཡུལ་ན་བློན་པོ་བློ་བཟང་སྐུང་ཡོད་ཚུལ་སོགས་མ་གསང་དྲང་པོར་ཞུ་བ་ན། རྒྱལ་པོ་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཏེ” ཁྱོད་སོང་སྟེ་བློན་པོ་ཁོ་རང་ད་ལྟ་རྒྱལ་པོའི་ཕོ་བྲང་དུ་གདན་དྲོངས་ཤོག’ ཅེས་བཤད་པས་ཁྱིམ་བདག་དེ་མྱུར་དུ་རང་ཡུལ་ལ་བརྡ་རྒྱག་ཏུ་བཞུད་དོ། །  ཤུལ་ནས་རྒྱལ་པོས་རང་གི་ཆུང་མའི་བློ་རིག་ལ་བསྟོད་བསྔགས་བྱེད་བཞིན་ཕྱིར་རང་གི་ཕོ་བྲང་དུ་ལོག་ནས་ཅང་མ་འགོར་བར་བློན་པོ་བློ་བཟང་ཡང་ནང་ལ་སླེབས་བྱུང་།  དེ་ནས་རྒྱལ་པོ་དང་བཙུན་མོ་གཉིས་གནོང་འགྱོད་དང་ངོ་ཚའི་འཛུམ་ཞིག་ཕྱིར་མངོན་བཞིན་ཁམས་འདྲི་དང་ཟས་རིགས་སྣ་ཚོགས་མདུན་ལ་སྤུངས་ནས་རང་གི་སྔར་གྱི་བྱ་བ་རྣམས་ལ་འགྱོད་བཤགས་དང་བློན་པི་གཞན་གསུམ་གྱི་བློ་རིག་རྟུལ་བོ་ཡིན་ཚུལ་སོགས་བརྗོད་དེ་ཕན་ཚུན་གཉིས་ཀ་འགྲིག་མཐུན་འཆམ་པོ་བྱུང་སྟེ་དགའ་བའི་གཏམ་སྣ་ཚོགས་གླེང་ནས་ཁ་བརྡ་བྱས།
ཉིན་དེའི་དགུང་མོ་བློན་པོ་བློ་བཟང་སླར་ཡང་རྒྱལ་པོའི་གཟིམ་ཁང་དུ་བསླེབས་ཏེ” ང་སོང་ནས་ཐབས་ཤིག་བཀོལ་དེ་ཁྱེད་ཀྱི་ཁ་ནང་ལ་སྐྱག་པ་མི་གཏོང་བར་མ་ཟད།  རྒྱལ་སྲིད་ཕྱེད་ལ་ནང་མི་ཤོར་བར་བྱ’ ཞེས་བཤད། དེ་ལྟར་རྒྱལ་པོ་སྟོབས་ལྡན་པ་བློན་པོ་བློ་བཟང་གི་དྲིན་གྱིས་སྐྱག་པ་ཟ་མི་དགོས་པར་མ་ཟད་རྒྱལ་སྲིད་ཀྱང་ཤོར་མ་དགོས་པས།  ཁོ་ལ་སྔར་བས་ཀྱང་བརྩེ་འདང་ཆེ་བར་གྱུར་ནས་བློན་གྱི་གཙོ་བོར་གྱུར།  དུས་དེ་ནས་བཟུང་བློན་པོ་ངན་པ་གསུམ་གྱི་ཀྱང་ཕྲག་དོག་གིས་བློན་པོ་བློ་བཟང་ལ་གནོད་མི་ཐུབ་པ་ཤེས་ཏེ་སེམས་སུ་ཞེ་སྡང་སྐྱེས་ནའང་ཁ་ནས་རང་སོར་མི་འཇོག་ཐབས་མེད་བྱུང་།  རྒྱལ་ཁབ་ཀྱི་སྟོབས་འབྱོར་དང་མངའ་འབངས་ཀྱི་འཚོ་བ།  སྲིད་ཀྱི་བྱ་བ་སོགས་ཀྱང་ཉིན་རེ་བཞིན་ཇེ་བཟང་དང་ཕུན་སུམ་ཇེ་ཚོགས་སུ་སོང་ནས་བཀྲ་ཤིས་བདེ་སྐྱིད་ཀྱི་ཉིན་བྱེད་འཆར་བའི་སྐྱ་རེངས་ཤར་མགོ་བརྩམས་སོ། །

(རིན་ཆེན་སྒྲོལ་མས་བསྡུས་པ མཚོ་སྔོན་མང་ཚོགས་སྒྱུ་རྩལ  1990ལོའི་དེབ་གསུམ་པ་ལས་བདམས།)

མདུན་ཤོག

སྔོན་མ།
བྷུན་ཏར་རུ་དགེ་འོས་མཐོ་སློབ་ཁང་གསར་འཛུགས་གནང་བ།
ཕྱི་མ།
བུ་གླེན་པས་མནའ་མ་སློང་བ།
Menu