ཟླ་རེའི་གསར་འགྱུར།

བྷུན་ཊར་དགེ་འོས་སློབ་ཁང་གི་སློབ་དཔོན་རྣམས་ལ་ཟབ་སྦྱོང་སྤྲད་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༣ ནས་ ༢༥ བར་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཧི་མཱ་ཅལ་མངའ་ཁོངས་ཀྱི་བྷུན་ཊར་ས་གནས་སུ་རྟེན་གཞི་བྱས་པའི་བྷུན་ཊར་དགེ་འོས་སློབ་ཁང་གི་སློབ་དཔོན་རྣམས་ལ་ཟབ་སྦྱོང་ཞིག་སྤྲད་པ་རེད།
དེ་ཡང་ཟབ་སྦྱོང་ཐོག་སློབ་ཁྲིད་གནང་མཁན་ཁེ་ན་ཌ་ནས་ཡིན་པའི་གཞི་རིམ་གོང་མའི་སློབ་དགེ་ལྕམ་མ་ཏི་བྷར་ན་སྦི་ (Dr. Mati Bernabei) ལགས་ཡིན་འདུག ཁོང་གིས་དེ་སྔ་ཁེ་ན་ཌ་ཁུལ་དུ་དགེ་རྒན་འོས་སྦྱོང་སློབ་གཉེར་གནང་མཁན་སློབ་མ་ཚོར་ཡང་སློབ་ཁྲིད་གནང་མྱོང་འདུག དེ་བཞིན་ཁོ་མོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཀྱང་ཡིན་འདུག
ཉིན་གཉིས་རིང་གི་ཟབ་སྦྱོང་སྐབས་སློབ་ཁྲིད་བྱེད་ཕྱོགས་དང། ནང་དོན་ཁ་གསལ་ཤེས་རྟོགས་ཡོང་ཐབས། ཉམས་ཞིབ་གནང་ཕྱོགས་སྐོར་སོགས་གནད་དོན་ཁག་གཅིག་གི་ཐོག་ཟབ་ཁྲིད་དང་ཐབས་ལམ་ཁག་ངོ་སྤྲོད་གནང་ཡོད་པ་མ་ཟད། དེ་བཞིན་ཁོང་གིས་སློབ་ཕྲུག་ཚོ་དང་མཉམ་དྲི་བ་དྲིས་ལན་ཡང་གནང་འདུག
སྤྱིར་བཏང་བྷུན་ཊར་དགེ་འོས་སློབ་ཁང་འདི་ནི་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་བལ་ཡུལ་གཉིས་ཀྱི་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཁག་གི་ནང་དགེ་རྒན་ཚད་ལྡན་ཡོང་ཆེད་གསར་འཛུགས་གནང་བ་ཞིག་ཡིན་པ་དང། བྷུན་ཏར་དགེ་འོས་སློབ་ཁང་དུ་ཚན་རིག་དང་སྒྱུ་རྩལ་སློབ་ཚན་ཐོག་ལོ་བཞི་ཡུན་ཅན་གྱི་གཅིག་བསྡུས་དགེ་རྒན་འོས་སྦྱོང་གནང་བཞིན་འདུག ད་ལྟའི་ཆར་དགེ་འོས་ཁང་དུ་སློབ་མ་ ༦༠ དང་སློབ་དཔོན་ ༡༡ ཡོད་འདུག ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོ་མཇུག་ཏུ་དགེ་འོས་ཁང་དེར་དུས་ཡུན་ལོ་གཅིག་རིང་གི་དགེ་རྒན་འོས་སྦྱོང་དབུ་འཛུགས་གནང་རྒྱུ་ཡིན་འདུག་པ་བཅས།

སྔོན་མ།
དགེ་རྒན་གྱི་ཤེས་ནུས་རྟོག་ཞིབ་གནང་ཕྱོགས་ཀྱི་ཚོགས་འདུ་བསྐྱངས་པ།
ཕྱི་མ།
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ས་རཱ་བོད་ཀྱི་སློབ་གཉེར་ཁང་དུ་གསུང་བཤད་གནང།
Menu