ཟླ་རེའི་གསར་འགྱུར།

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་དགུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༩ ཉིན་མ་ཡུམ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་དགུ་འཁོར་བའི་དུས་དྲན་དང་འབྲེལ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༥ ཐོག་སྐུ་མགྲོན་གཙོ་བོ་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཙོས་ཕ་མའི་ཚོགས་ཆུང་གི་རྒྱུན་ལས་རྣམ་པ། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཙོས་དགེ་ཆེ་རྡོ་རྗེ་སྒྲོལ་མ་ལགས་དང་། དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམ་པ། ཕྲུ་གུའི་ཕ་མ་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་སྐུ་མགྲོན་གཙོ་བོས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས། ཚང་མ་སྐུ་བཞེངས་ཀྱིས་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་།
དེ་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས། དེ་ནས་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕེབས་བསུ་དང་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས། སློབ་གྲྭའི་སློབ་ཕྲུག་གཉིས་ནས་བོད་ཀྱི་སྐད་ཡིག་ཐོག་ཚོགས་གླེང་གནང་། དེ་ནས་རྟེན་བྱུང་གྱི་གསོལ་ཇ་འབྲས་སིལ་གནང་གྲུབ་བསྟུན། སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས། སློབ་གྲྭའི་དགེ་ཆེ་རྡོ་རྗེ་སྒྲོལ་མ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་ནས་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་སློབ་ཕྲུག་རྒན་པས་མདུན་ལམ་དང་འབྲེལ་བའི་འགྲེམས་སྟོན་གཟིགས་འབུལ་ཞུས་རྗེས་དུས་དྲན་སྲུང་བརྩིའི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།།

སྔོན་མ།
ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་གིས་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་གཟིགས་སྐོར།
Menu