ཟླ་རེའི་གསར་འགྱུར།

མོན་ཊེ་སོ་རི་སྔོན་འགྲོའི་ལམ་སྲོལ་སྐོར་གྱི་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་༥ ཚེས་༦ ཉིན། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་ལེན་བསྟར་བཞིན་པའི་མོན་ཊེ་སོ་རི་སྔོན་འགྲོའི་ལམ་སྲོལ་ལག་བསྟར་གྱི་གནས་སྟངས་སྤྱི་དང༌། ཁྱད་པར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། བོད་མིའི་གནས་སྟངས་ལ་འཚམས་མིན་ཞིབ་འཇུག བོད་མི་རང་ཉིད་ལ་འཚམས་པའི་སྔོན་འགྲོའི་ལམ་སྲོལ་གསར་གཏོད་གནང་ཕྱོགས་ཇི་དགེ་སྐོར་བཀའ་བསྡུར་ཆེད། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་འགན་འཛིན་གཅིག་ལྕོགས་བཀྲ་ཤིས་དོན་གྲུབ་ལགས་དང༌། དྷ་སྟེང་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ཟུར་པ་སྔོན་འགྲོའི་སྤྱི་ཁྱབ་འགན་འཛིན་ཟུར་པ་རྒན་ངག་དབང་ཤེས་རབ། དྷ་སྟེང་མོན་ཊེ་སོ་རི་སྔོན་འགྲོའི་སྤྱི་ཁྱབ་འགན་འཛིན་ཨོ་རྒྱན་ལགས་བཅས་གསུམ་སྔ་ལོར་ཤེས་ཡོན་ལྷན་ཚོགས་ཀྱིས་གོང་གསལ་ལས་དོན་སླད་བསྐོ་འཛུགས་གནང་དོན་ལྟར་ཉིན་དེར་ཤེས་རིག་ལས་ཁུངས་ཚོགས་ཁང་དུ་ལྷན་ཚོགས་ཀྱིས་བཀའ་བསྡུར་ལྷུག་པོ་གནང༌།
     ཐེངས་འདིའི་ཚོགས་འདུའི་ཁྲོད་ཚོགས་མི་བགྲོ་གླེང་བྱུང་བའི་ནང་དོན་མདོར་དྲིལ་ན། སློབ་ཕྲུག་རྣམས་སློབ་གྲྭའི་ནང་སླེབས་པའི་ཐོག་མའི་དུས་སྐབས་ནས་མ་རྩ་ཡག་པོ་ཞིག་གདིང་རྒྱུ་གལ་འགངས་ཤིན་ཏུ་ཆེ་བ་བཞིན། བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་དུས་སྟོད་ནས་བཟུང༌། སྔོན་འགྲོའི་ཤེས་ཡོན་ལམ་ལུགས་དེ་མོན་ཊེ་སོ་རིའི་ལམ་སྲོལ་ཐོག་ཤར་བསྐྱོད་བྱས་ཏེ། འདས་པའི་ལོ་ངོ་མང་པོའི་ཉམས་མྱོང་ཁྲོད་རིན་ཐང་ཅན་གྱི་ཉམས་མྱོང་མང་པོ་བསགས་ཡོད། ཡིན་ནའང༌། བཙན་བྱོལ་བོད་མིའི་སྔོན་འགྲོའི་སློབ་གྲྭ་ཁག་ཏུ་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་མོན་ཊེ་སོ་རི་ལམ་སྲོལ་ལག་བསྟར་གྱི་གནས་ཚད་ཡར་རྒྱས་བྱུང་མེད། དེར་བརྟེན། དེང་སྐབས་གཙོ་ཆེ་ཤོས་སྔོན་འགྲོའི་དགེ་རྒན་འོས་སྦྱོང་ཚད་ལྡན་ཡོང་ཐབས་དང༌། སྔོན་འགྲོའི་དགེ་རྒན་གྱི་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས། སྔོན་སློབ་སོ་སོར་དགོས་ངེས་ཀྱི་མཐུན་རྐྱེན་མཁོ་འདོན་བྱ་རྒྱུ། སྔོན་འགྲོའི་ཤེས་ཡོན་རྟོག་ཞིབ་ནུས་པ་ལྡན་པ་བྱ་རྒྱུ་སོགས་ཀྱི་གལ་ཆེའི་དོན་གནད་ཐོག་ཤུགས་སྣོན་བསྐྱོན་དགོས་པར་དགོངས་ཚུལ་གཅིག་མཐུན་བྱུང་འདུག
 

སྔོན་མ།
གཞི་རིམ་འོག་མའི་ཨིན་དགེའི་ཟབ་སྦྱོང་རྒྱལ་ས་ལྡི་ལིར་ཚུགས་པ།
ཕྱི་མ།
ཕྱི་ལོ་ ༢༠༡༣ ལོའི་འཛིན་རིམ་བཅུ་གཉིས་སློབ་ཐོན་རྣམས་ལ་རྒྱུས་སྟོན་ཐེངས་དགུ་པ་གནང།
Menu