ཟླ་རེའི་གསར་འགྱུར།

ཚན་རིག་དགེ་རྒན་རྣམས་ལ་སློབ་ཁྲིད་ཐབས་ལམ་གྱི་ཟབ་སྦྱོང་ཚོགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༡ ནས་ ༢༧ བར་བདུན་ཕྲག་གཅིག་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་(NCERT) དུ་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་ཚན་རིག་དགེ་རྒན་རྣམས་ལ་ཚན་རིག་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་འཚོགས།
དེ་ཡང་ཕྱི་ཚེས་ ༢༡ ཉིན་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གི་ཤེས་ཡོན་ཚན་པའི་འགན་འཛིན་གྱིས་ (Dean of Academics) གཙོས་བསྟི་གནས་ཁང་དེའི་ཚན་རིག་དང་ཨང་རྩིས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་དང། སློབ་དཔོན་སྐུ་ཞབས་ཨེ་ཀེ་ཝ་ཛལ་ཝར་ (Dr. A.K. Wazalwar) ལགས། དེ་བཞིན་བསྟི་གནས་ཁང་དེའི་ལས་བྱེད་བཅས་ཕེབས་ཡོད་འདུག ཚན་རིག་དགེ་རྒན་ལས་ཐོག་ཁག་གཅིག་ལ་ཟབ་སྦྱོང་འདི་བཞིན་གནང་དགོས་དོན་གཙོ་བོ་ནི་གསར་གཏོད་ཀྱི་ལམ་ནས་ཚན་རིག་སློབ་ཁྲིད་གནང་སྟངས་ཡར་རྒྱས་གཏོང་རྒྱུ་དང་། སློབ་ཕྲུག་ཁྲོད་ཚན་རིག་སློབ་ཚན་ཐོག་དོ་དབྱིངས་གོང་སྤེལ་གཏོང་ཐབས་ཆེད་ཡིན་འདུག
ཐེངས་འདིའི་ཟབ་སྦྱོང་ཐོག་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ནས་ཁྱོན་དགེ་རྒན་གྲངས་ ༢༡ མཉམ་ཞུགས་གནང་བ་དང། ལྡི་ལིར་ཟབ་སྦྱོང་གོ་སྒྲིག་ཆེད་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཆེད་བཅར་ཞུས།
ཟབ་སྦྱོང་འདི་བཞིན་སི་ཝི་ཌེན་ (Sweden) གྱི་ཨ་ཡེ་ཨེམ་ SOIR-IM རོགས་ཚོགས་ཀྱིས་རོགས་སྐྱོར་གནང་ཐོག  རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གི་ཚན་རིག་དང་ཨང་རྩིས་ཡར་རྒྱས་ཚན་པས་ཟབ་སྦྱོང་གི་རྣམ་པ་འཆར་བཀོད་གནང་བ་ཞིག་ཡིན།

སྔོན་མ།
དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་ཟབ་སྦྱོང་ཚོགས་པ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་སྐོང་ཚོགས་གནང་བ།
Menu