ཟླ་རེའི་གསར་འགྱུར།

ཚོང་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༤ ཟླ་༣ ཚེས༡༩ དང་༢༠ བཅས་ཉིན་གཉིས་རིང། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཚོང་རིག་བསླབ་གཞི་རྩ་འཛིན་གྱི་གཏན་འབེབས་ཚོགས་འདུ་ཞིག་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་དང། ཤེས་རིག་ལས་ཁུངས་ཀྱི་བསླབ་གཞི་རྩ་འཛིན་བཟོ་འགོད་པ། སློབ་དེབ་རྩོམ་སྒྲིག་པ། སཾ་བྷོ་ཊ་དང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ཀྱི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་འབྲེལ་ཡོད་དགེ་རྒན་བཅས་ཚོགས་ཞུགས་གནང་ཡོད་པ་རེད།
ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་༦ པའི་ནང་གསེས་༤ པར།    སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་བོར་འཛིན་པའི་ཤེས་ཡོན་ལམ་སྲོལ་ནང། སྲོལ་རྒྱུན་གྱི་ཤེས་ཡོན་གང་དུ་གནས་པའི་སྐད་ཡིག་དེ་ཉིད་ཤེས་ཡོན་སྤྱིའི་སློབ་སྟོན་བརྒྱུད་ལམ་དུ་བཟུང་འོས་ལྟར། བོད་ཀྱི་ཤེས་ཡོན་སློབ་ཁང་ཁག་ཏུ་སྔོན་འགྲོ་ནས་ཆེས་མཐོའི་ཞིབ་འཇུག་སློབ་རིམ་བར་སློབ་སྟོན་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ཐོག་རིམ་བཞིན་བསྒྱུར་ཐབས་བྱ་རྒྱུ། ཞེས་གསལ་ལྟར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༠༨ ནས་འགོ་འཛུགས་ཀྱིས་ཕྱི་ལོ་༢༠༡༢ བར་སྔོན་འགྲོ་ནས་གཞི་རིམ་གོང་མ་འཛིན་རིམ་བཅུ་པ་བར་གྱི་རིག་ཚན་ཡོངས་ཀྱི་བསླབ་གཞི་རྩ་འཛིན་གཏན་འབེབས་གནང་བ་དང།  ༢༠༡༣ ལོར་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་བསླབ་གཞིའི་རགས་ཟིན་བཟོ་འགོད་དང་གཏན་འབེབས་གནང་འགོ་བཙུགས་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་ཚོང་རིག་སྡེ་ཚན་གྱི་བསླབ་གཞི་གཏན་འབེབས་དང། སློབ་ཚན་འཆར་འགོད་གནང་ཡོད་པ་མ་ཟད། ཚོང་རིག་སློབ་ཁྲིད་ཐབས་ལམ་སོགས་ཀྱི་ཐོག་གོ་བསྡུར་ལྷུག་པོ་བྱུང་བ་དང། ཚོགས་ཐོག་འདི་ནས་གཏན་འབེབས་བྱུང་བའི་བསླབ་གཞི་རྩ་འཛིན་དེ་བཀའ་ཤག་ལ་མཐའ་མའི་གཏན་འབེབས་ཆེད་གོང་འབུལ་ཞུ་རྒྱུ་དང།  བཀའ་ཤག་ནས་གཏན་འབེབས་གནང་མཚམས་ཡོངས་ཁྱབ་འགྲེམས་སྤེལ་བྱ་འཆར་ཡོད་འདུག་པ་བཅས།

སྔོན་མ།
སོན་རྩ་བྱིས་པའི་དེབ་ཕྲེང་འབྲི་རྩོམ་པ་དང་རི་མོ་འབྲི་མཁན་གྱི་ཟབ་སྦྱོང་ཐེངས་དང་པོ།
ཕྱི་མ།
བོད་པའི་སློབ་ཕྲུག་བུ་མོ་ཞིག་ལ་གསེར་གྱི་རྟགས་མ་ཐོབ་པ།
Menu