ཟླ་རེའི་གསར་འགྱུར།

ཝེ་ནི་སིའི་ཚོང་པ། (དུམ་ཚན་དང་པོ)

ཨེཅ་ འཇིའི་ ཝཡེཊི་ ཡིས་བསྐྱར་འབྲི་བྱས།
ཚེ་དབང་རྣམ་རྒྱལ་གྱིས་བསྒྱུར།

    གྲོང་ཁྱེར་ཝེ་ནི་སི་དེ་གྲ་རྒྱས་སྟོབས་འབྱོར་ཕུན་སུམ་ཚོགས་པའི་གྲགས་པ་ཡོངས་སུ་ཁྱབ་པའི་སྐབས་དེར། གྲོང་ཁྱེར་དེའི་ནང་དུ་གནས་སྡོད་ཕུལ་དུ་བྱུང་བའི་གྲོང་མིའི་གྲས་སུ་ཨན་ཀྲོ་ནེའོ་ཞེས་པའི་ཚོང་པ་ཞིག་ཡོད། ཁོང་ནི་སེམས་བཟང་ཞིང་གཏོང་ཕོད་ཆེ་བའི་སྙན་གྲགས་དང་ལྡན་པ་ཞིག་ཡིན།  ཁོང་ལ་གྲོགས་པོ་མང་པོ་ཡོད་པའི་ནང་ནས་གཙོ་བོར་གྱུར་པ་ཞིག་ནི་གྲོང་ཁྱེར་ཝེ་ནི་སིའི་མི་དྲག་གི་རིགས་སུ་གཏོགས་པ་གཞོན་ནུ་སྦ་ས་ནེའོ་ཞེས་པ་དེ་ཡིན། གཞོན་ནུ་དེ་ནི་སྐྱེ་ས་རིགས་ཁུངས་མི་དྲག་ཡིན་པ་མ་ཟད། གྲལ་རིམ་མཐོ་བའི་མི་ཞིག་ཡིན་རུང་རྒྱུ་ནོར་གྱིས་དབུལ་བ་ཞིག་ཡིན་པར་བརྟེན་ཁོང་གིས་མཁར་དབང་སྔར་རྒྱུན་ཡིན་ཁུལ་དང་ངོ་གནོང་མི་དགོས་པའི་ཆེད་དུ་རང་གི་གནས་སྟངས་ལས་བརྒལ་བའི་འཚོ་བའི་འདུ་འགོད་བྱེད་དགོས་བྱུང། ཚོང་པ་ཨན་ཀྲོ་ནེའོས་ཁོང་ལ་ཤིན་ཏུ་གཅེས་པར་བཟུང་ནས་ཁོང་ལ་དངུལ་གཡར་བའམ་སྟེར་གྱི་ཡོད། ཝེ་ནི་སིའི་ཚོང་པ་དེ་ནི་རྒྱུ་ནོར་གྱིས་རབ་ཏུ་ཕྱུག་པ་ཞིག་ཡིན་པ་དེ་ལ་རིན་ཐང་ཆེ་བའི་ཚོང་གྲུ་རུ་ཁག་ཅིག་ཡོད་པ་དེ་ཚོས་ཕྱི་རྒྱལ་དང་ཚོང་ཐབས་ལེན་བྱས་པ་ལས་རྒྱུ་ནོར་མང་པོ་ཞིག་གསོག་ཐུབ་ཀྱི་ཡོད། ཡུལ་དེར་སྐྱེ་ས་རིགས་རུས་མཐོ་ལ་ནོར་ལོངས་སྤྱོད་ཀྱིས་ཕྱུག་པའི་གཞོན་ནུ་མ་ཕོར་ཤི་ཡ་ཟེར་བ་ཞིག་ཡོད་པ་དེས་སྦ་ས་ནེ་འོའི་ཡིད་དབང་འཕྲོགས། བུ་མོ་དེའི་ཕ་ཡུན་རིང་མ་སོང་གོང་ཚེ་ལས་འདས་ཏེ་ཁྱིམ་ཤུལ་ཡོངས་རྫོགས་ཁོ་མོར་བཞག་ཡོད་པས་ནོར་ལོངས་སྤྱོད་ཀྱིས་པ་ཕྱུག་པ་མ་ཟད། གཞོན་ནུ་མ་དེ་ནི་ལང་ཚོ་ལྟ་ན་སྡུག་པ་དང་མཛངས་མའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་པས་ཡུལ་དེའི་རྒྱལ་སྲས་དང་མི་དྲག་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནས་དགའ་མ་དེ་རང་གི་བྱེད་རྒྱུ་བྱུང་ན་ཅི་མ་རུང་སྙམ་ནས་འདོད་པས་མྱོས་པའི་བཞིན་རས་དམར་པོར་གྱུར།
མི་དྲག་དེ་ཚོ་ནི་སྐྱེ་ས་རིགས་རུས་མཐོ་ལ་ནོར་ལོངས་སྤྱོད་ཀྱིས་ཕྱུག་པ་ཞིག་ཡིན་པས། ཁོ་ཚོས་ཇི་ལྟར་བྱས་ནས་གཞོན་ནུ་མ་དེའི་མདུན་དུ་ལྟ་སྣང་འདྲ་ཆགས་པོ་ཞིག་བཟོ་ལུགས་གསལ་པོར་ཤེས་ནས་དཔོན་གཡོག་ཚང་མ་རྒྱན་གོས་ཕུན་སུམ་ཚོགས་པས་བཀླུབས་ཤིང། རིན་ཐང་ཆེ་བའི་ལག་རྟགས་མང་པོ་འཁྱེར་ནས་ཁོང་གི་ཁྱིམ་དུ་ཡོང། འོན་ཀྱང་སྦ་སྭ་ནེ་འོ་ནི་དབུལ་ཞིང་ཕོངས་པ་ཞིག་ཡིན་སྟབས་གཞོན་ནུ་མ་དེའི་མདུན་དུ་འདུ་ལོངས་བྱེད་པའི་སྤྲོས་པ་དང༌བྲལ་བས་གཞོན་ནུ་མ་དེས་ཁོང་ལ་མཐོང་ཆུང་གིས་གཉེན་སྡེབ་བྱེད་རྒྱུར་ཁས་ལེན་བྱེད་མི་སྲིད་སྙམ་ནས་དངངས་སྐྲག་གི་གནས་སུ་གྱར། དེར་བརྟེན་ཁོང་གིས་རང་ཉིད་ཀྱི་གྲོགས་པོ་ཨན་ཀྲོ་ནིའོའི་སར་ཕྱིན་ནས་རང་གི་དཀའ་ངལ་དེ་མ་སྦས་པར་གསལ་པོར་གླེང་བ་སྟེ། གཞོན་ནུ་མ་དེའི་སར་རང་ཉིད་ནས་འཁོས་འབྱོར་ཆེ་བའི་མི་དྲག་གཞན་དང་འདྲ་བ་ཞིག་བྱས་ནས་འགྲོ་ཐུབ་ན་གཞོན་ནུ་མ་དེས་རང་ཉིད་འཛུམ་གྱིས་བསུ་ཞིང་གཉེན་སྡེབ་ཀྱི་རེ་བའང་སྐོང་སྲིད་པས་ད་རེས་གྲོགས་པོས་ང་ལ་གསེར་ཊམ་སུམ་སྟོང་ཐམ་པ་སྔ་གཡར་བྱས་ན་འགྲིགས་སམ་ཞེས་དྲིས། ཨན་ཀྲོ་ནིའོ་ནི་རང་ཉིད་ཀྱི་དགའ་བར་འོས་པའི་གྲོགས་པོའི་རེ་བ་སྐོང་རྒྱུར་ཐེ་ཚོམ་མེད་པ་ཞིག་ཡིན་མོད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་སྐབས་དེར་ཁོའི་ཚོང་གྲུ་རྣམས་རྒྱ་མཚོའི་ཕ་རོལ་དུ་བསྐྱོད་པའི་སྐབས་དང་འཁེལ་བས་དུས་དེ་རང་དུ་བུ་ལོན་དེ་ཙམ་གཏོང་ཐབས་མེད་ཀྱང། ཚོང་གྲུ་རྣམས་ཕྱིར་ལོག་རྗེས་ཁོ་ལ་དངུལ་མང་པོ་ཡོང་རྒྱུར་དེའི་བར་ལ་ངས་བུ་ལོན་སྐྱེད་གཏོང་བྱེད་མཁན་ཤ་ཡེ་ལོག་ཟེར་བ་དེའི་ས་ནས་བུ་ལོན་གཡར་བ་ཡིན་ན། ཁོས་ངའི་ཚོང་གྲུ་དེ་དག་ཁག་ཐེག་ལྟ་བུར་བརྩིས་ནས་བུ་ལོན་གཡར་ངེས་རེད་ཅེས་བརྗོད། ཤ་ཡེ་ལོག་ཅེས་པ་དེ་ནི་གྲོང་ཁྱེར་ཝེ་ནི་སིར་སྡོད་པའི་འཇིའུ་ཞིག་ཡིན་ཞིང། ཁོ་ནི་རྒྱུ་ནོར་གྱི་རབ་ཏུ་ཕྱུག་ཀྱང་སེར་སྣའི་ལྕགས་སྒྲོག་གིས་དམ་པོར་འཆིང་བའི་མིང་ངན་ཀུན་ཏུ་གྲགས་པའི་བུ་ལོན་སྐྱེད་གཏོང་བྱེད་མཁན་ཞིག་ཡིན་པས་མི་རྣམས་ཀྱིས་ཁོ་ལ་དང་བ་མི་སྟོན་པ་ནི་མི་དེ་སྙིང་རྗེ་མེད་ལ་སྐྱེད་ཁ་མཐོན་པོ་ལེན་པ་མ་ཟད། བུ་ལོན་དུས་ཐོག་ཏུ་སྤྲོད་མི་ཐུབ་མཁན་ལ་ཡ་ང་སྙིང་རྗེ་སྤུ་ཙམ་མི་བྱེད་མཁན་ཞིག་ཡིན། མི་དེས་ཚོང་པ་ཨན་ཀྲོ་ནིའོ་ལ་ལྷག་པར་དུ་སྡང་པོ་བྱེད་པ་དེ་ནི་ཕྱོགས་གཅིག་ནས་ཨན་ཀྲོ་ནིའོ་ནི་ཡེ་ཤུའི་ཆོས་ལུགས་པ་ཞིག་ཡིན་པ་དང། ཕྱོགས་ཅིག་ཤོས་ནས་ཨན་ཀྲོ་ནིའོས་ཁོའི་ཡ་ང་སྙིང་རྗེ་མེད་པའི་སྡུག་སེམས་མཁྲེགས་པོ་དེར་མངོན་གསལ་དུ་སུན་འབྱིན་བྱེད་པས་ཡིན། འོན་ཀྱང་རྒྱུ་རྐྱེན་གྱི་གཙོ་བཱུ་ནི་ཨན་ཀྲོ་ནིའོ་རང་ཉིད་ཀྱིས་ཡང་ཡང་སྐྱེད་མེད་ཀྱི་བུ་ལོན་ཕྱིར་གཏོང་བྱེད་ཀྱི་ཡོད་པ་དེས་ཤ་ཡེ་ལོག་གི་ཚོང་ཁེ་ལས་ལ་གནོད་འཚེ་སྐྱེལ་བར་བརྟེན་ཁོས་ཨན་ཀྲོ་ནིའོར་སྙིང་ཁོང་རུས་པའི་གཏིང་ནས་འཁོན་འཛིན་གྱི་བསམ་ངན་བཅངས་ཏེ་ཁོན་ལན་སློག་པའི་ཉིན་མཱུ་ཞིག་ཡོང་རྒྱུར་ཞུམ་བུས་བྱི་བ་སྒུག་པ་ལྟར་བསྡད། འོན་ཀྱང་ཨན་ཀྲོ་ནིའོའི་ངོས་ནས་བཤད་ན། ཤ་ཡེ་ལོག་གིས་ཁོ་པར་དགྲར་འཛིན་གྱི་བསམ་པ་དེ་ལྟ་བུ་ཞིག་ཡོད་པ་བློ་ཡུལ་དུའང་མ་ཤར་བས་ཨན་ཀྲོ་ནིའོ་དང་ཁོང་གི་གྲོགས་པོ་སྦ་ས་ནེའོ་གཉིས་ཁོའི་སར་བུ་ལོན་གསེར་ཊམ་སུམ་སྟོང་ཐམ་པ་གཡར་བར་སོང། ཨན་ཀྲོ་ནིའོས་ཤ་ཡེ་ལོག་ལ་ཁྱེད་རང་གིས་ཤེས་གསལ་ལྟར་ད་ལྟ་ངའི་ཚོང་གྲུ་མཚོ་ཐོག་ཏུ་ཡོད་པ་དེ་རྣམས་མགྱོགས་ནས་མྱུར་དུ་རིན་ཐང་ཆེ་བའི་ཚོང་ཟོག་གིས་བྱུར་བུར་བཀང་ནས་འཁོར་མ་ཐག་ངས་ཁྱེད་རང་ལ་སྐྱེད་ཁ་དང་སྦྲགས་བུ་ལོན་འཇལ་རྒྱུ་ཡིན་པས་གནས་སྐབས་གྲོགས་པོས་ང་ལ་གསེར་ཊམ་སུམ་སྟོང་ཐམ་པ་སྔ་གཡར་གནང་ན་འགྲིགས་སམ་ཞེས་བརྗོད་པར། ཐོག་མར་ཤ་ཡེ་ལོག་གིས་བུ་ལོན་གཏོང་འདོད་མེད་པ་ལྟར་ཨན་ཀྲོ་ནིའོར་ཁྱེད་ཀྱི་གྲུ་གཟིངས་མཚོ་ཐོག་ཏུ་བསྐྱོད་པ་དེ་ཚོར་དྲག་ཆར་རླུང་འཚུབ་ཀྱི་འཇིགས་པའམ་ཡང་ན་མཚོ་ཇག་གིས་བཅོམ་པ་སོགས་ཇུས་ཉེས་མི་ཡོང་བའི་ངེས་པ་མེད་པས་ཁྱེད་ཀྱིས་བུ་ལོན་དེ་འཇལ་ཨེ་ཐུབ་ཅེས་བརྗོད། ཁོ་གཉིས་སྐད་ཆ་ཤོད་པའི་བྱ་རིམ་ནང་དུ་སྡུག་སེམས་དུག་སྦྲུལ་ལྟར་བརྣག་ཅིང་གཡོ་སྒྱུ་ཝ་མོ་ལས་ཆེ་བའི་འཇིའུ་དེའི་བསམ་པར་འཁོན་ལན་སློག་པའི་བསམ་ངན་ཞིག་འཆར་ནས་བུ་ལོན་དེ་གཡར་རྒྱུར་ཁས་བླངས་ཏེ། ཨན་ཀྲོ་ནིའོར་གཞི་རྐང་མི་ཁྱོད་ལྟ་བུ་ཞིག་གིས་ངའི་སར་བུ་ལོན་གཡར་བར་ཡོང་བའི་འོས་བབས་མེད་པ་ཞིག་ཡིན་པ་དེ་ནི་ཁྱོད་ཀྱིས་ང་ལ་ཁྱི་རྒན་ཞེས་མངོན་སུམ་དུ་གཤེ་གཤེ་བཏང་བ་དེ་ཚོ་ཁྱོད་ཀྱིས་ཀྱང་གསལ་པོར་ངེས་གསལ་ལྟར། ཁྱི་ཞིག་གིས་ཁྱོད་ལ་བུ་ལོན་གཡར་ཡོང་བསམ་པ་ག་ལ་ཡོང། འོན་ཀྱང་ངས་ཁྱོད་ལ་སྔར་བཞིན་གྲོགས་སེམས་འཆང་རྒྱུ་ཡིན། ཁྱོད་ཀྱིས་སྐབས་རེ་བུ་ལོན་གཏོང་བ་མ་ཟད། སྐྱེད་ཁའང་ལེན་གྱི་མེད་པར་བརྟེན་ངས་ཁྱོད་ལ་གྲོགས་སེམས་ཀྱི་བསམ་པ་སྟོན་རྒྱུ་ཡིན་པ་སྟེ་ང་ཡང་སེམས་བཟང་གི་ཕྱོགས་སུ་སྒྱུར་རྒྱུ་ཡིན་པ་མ་ཟད་ ཁྱོད་ལ་ཡང་དེ་ལྟར་བྱེད་དོ་ཞེས་བརྗོད་པར། ཨན་ཀྲོ་ནིའོས་བུ་ལོན་གཏོང་མཁན་དེའི་སེམས་བཟང་གི་རྣམ་འགྱུར་མཐོང་བས་ཧ་ལས་ཤིང་སྤྲོ་བ་ལྷག་པར་འཕེལ་ ཤ་ཡེ་ལོག་གིས་མུ་མཐུད་དེ་བརྗོད་དོན་ད་དུང་ངས་ཁྱོད་ལ་ཀུ་རེ་ཙམ་ཤོད་རྒྱུར་ཁྱོད་ཀྱིས་ང་ལ་བུ་ལོན་དེ་གཏན་ལ་ཕབ་པའི་དུས་ཚོད་ནང་མ་སྤྲད་ན་ངས་ཁྱོད་ཀྱི་གཟུགས་པོའི་ཐོག་གི་མདངས་བཀྲ་བའི་ཤ་ལས་ལྗིད་ཚད་རྒྱ་མ་གང་གི་ཤ་ལྡིག་འབྲེག་རྒྱུ་ཡིན་པ་དང། དེ་ཡང་ཁྱོད་ཀྱི་གཟུཌ་པོའི་ཆ་ཤས་གང་ནས་འབྲེག་མིན་ང་རང་ནས་འདེམས་རྒྱུ་ཡིན་ཞེས་བཤད་པར། ཨན་ཀྲོ་ནིའོས་ཆ་རྐྱེན་འདི་ཚོར་ངས་མོས་མཐུན་བྱེད་རྒྱུ་ཡིན། མཐར་གཏུགས་ནས་བཤད་ན་འཇིའུ་རྣམས་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་པ་ངས་ཁས་ལེན་ཞེས་བརྗོད། སྐབས་དེར་སྦ་ས་ནེའོས་ཨན་ཀྲོ་ནིའོར་གོང་གསལ་ཆ་རྐྱེན་དེ་ཁས་ལེན་བྱེད་མི་རུང་བའི་བཀག་འགོག་བྱས་ཀྱང་ཨན་ཀྲོ་ནིའོས་དེ་ནི་ཀུ་རེ་ཙམ་ཡིན་པར་བརྩིས་ཤིང། ངས་བུན་བདག་གི་བྱམས་སེམས་ལ་དྭོགས་པ་བྱེད་མི་རུང་སྙམ་ནས་ནང་དོན་དེ་ལྟར་འཁོད་པའི་གན་རྒྱ་ཞིག་ལ་མིང་རྟགས་འགོད་རྒྱུར་ཐག་བཅད་དེ་ཁོ་ཚོ་གསུམ་པོ་ཁྲིམས་པ་ཞིག་གི་སར་ཕྱིན་ནས་གན་རྒྱ་བཞག་པ་འདི་ལྟར་ཏེ། དུས་ཡུན་ཟླ་བ་གསུམ་ནས་ཨན་ཀྲོ་ནིའོས་ཤ་ཡེ་ལོག་ལ་བུ་ལོན་སྤྲོད་མ་ཐུབ་ན་ཤ་ཡེ་ལོག་གིས་ཨན་ཀྲོ་ནིའོའི་ལུས་པོའི་ཐོག་ནས་གདམ་ག་ལྟར་ཤ་ལྡིག་རྒྱ་མ་གང་འབྲེག་ཆོག་ཅེས་འཁོད་ དེ་ནས་ཨན་ཀྲོ་ནིའོས་བུ་ལོན་དེ་བླངས་ནས་སྤ་ས་ནེའོར་སྤྲད།
ད་ཆ་སྦ་ས་ནེའོར་གཅིག་ནས་རང་ཉིད་ཀྱི་སྐྱེ་ས་རིགས་རུས་དང་གཉིས་ནས་གཞོན་ནུ་མ་དེའི་ནོར་ལོངས་སྤྱོད་དང་འཚམས་པའི་དངོས་པོ་ཞིག་ལ་བརྟེན་ནས་གཞོན་ནུ་མ་དེར་གཉེན་སྡེབ་ཀྱི་རེ་བ་འདོན་པའི་གོ་སྐབས་བྱུང་བར་བརྟེན་སྦ་ས་ནེ་འོས་གཡོག་པོ་འགའ་ཤས་ཁྲིད་ནས་སྦེལ་མོན་ཀྲེར་སྡོད་མཁན་གྱི་གཞོན་ནུ་མ་ཕོར་ཤི་ཡའི་སར་འགྲོ་རྒྱུའི་གྲབས་གཤོམ་བྱས།  ཕོར་ཤི་ཡའི་ཕ་འདས་པོ་དེས་སྔ་ས་ནས་རང་ཉིད་ཀྱི་བུ་མཱུའི་ཁྱོ་ག་འདེམས་ཕྱོགས་སྐོར་ལ་ཡ་མཚན་ཆེ་ཞིང་རྟོགས་པར་དཀའ་བའི་ཇུས་ཤིག་བཏིང་ཡོད་པ་སྟེ། ཁོ་ལ་རྒྱུ་ཆ་མི་འདྲ་བ་རིགས་གསུམ་ལས་གྲུབ་པའི་རྒྱན་ཆའི་སྒམ་གསུམ་ཡོད། དང་པོ་དེ་གསེར་ལས་གྲུབ་པ་དང། གཉིས་པ་དེ་དངུལ་ལས་གྲུབ་པ། གསུམ་པ་དེ་ཞ་ཉེ་ལས་གྲུབ་པ་ཞིག་ཡིན་པ་དང། སྒམ་ཆུང་གསུམ་པོ་གང་རུང་ཞིག་གི་ནང་དུ་བུ་མོ་ཕོར་ཤི་ཡའི་འདྲ་གཟུགས་ཤིག་བཞག་ཡོད་པས་མཱུའི་ཕ་འདས་པོའི་རེ་བ་ལྟར་ན་གཉེན་སྒྲིག་གི་རེ་བ་འདོན་མི་སུ་ཞིག་ཡིན་རུང་འདྲ་གཟུགས་དེ་སྒམ་ཆུང་གང་གི་ནང་དུ་ཡོད་མེད་ཐིག་པོར་ཤོད་ཐུབ་ན་དེ་དང་བུ་མོ་ཕོར་ཤི་ཡ་གཉེན་སྡེབ་བྱེད་ཆོག འོན་ཀྱང་གཉེན་སྡེབ་ཀྱི་རེ་བ་འདོན་མི་ཚོའི་དམ་པའི་རང་བཞིན་ལ་ཚོད་བགམ་བྱེད་ཆེད་རེ་བ་འདོན་མི་ཚང་མས་སྒམ་ཆུང་ནང་གི་དངོས་པོར་ཚོད་ཐིག་མ་བྱས་གོང། གལ་ཏེ་མ་ཐིག་ན་བུད་མེད་གཞན་པ་སུ་འདྲ་ཞིག་ལའང་གཉེན་སྡེབ་ཀྱི་རེ་བ་མི་འདོན་རྒྱུའི་དམ་བཅའ་བརྟན་པོ་ཞིག་འཇོག་དགོས། ཞེས་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་བཏོན་ཡོད། དེར་བརྟེན་གཉེན་སྒྲིག་གི་རེ་བ་འདོན་མི་མང་པོས་ཆ་རྐྱེན་དེ་ཐོས་པ་ཙམ་གྱིས་ཚོད་ཐིག་བྱེད་པའི་བྱ་པ་དེར་ཚད་ཙམ་ཡང་བྱེད་མ་ཕོད་པར་མགོ་གཡུགས་གཡུགས་བྱས་ནས་ཕྱིར་ལོག ཉུང་ཤས་ཤིག་གིས་ཆ་རྐྱེན་དེ་དང་དུ་བླངས་རུང་སུ་ཞིག་གིས་ཀྱང་ཐིག་མ་ཐུབ། དེ་ཚོའི་ནང་ནས་གཅིག་ནི་མོ་རོ་ཀོའི་རྒྱལ་ཁབ་ཀྱི་རྒྱལ་སྲས་ཤིག་ཡིན་ཞིང།  ཁོང་གིས་གསེར་གྱི་སྒམ་ཆུང་དེ་བདམས་དགོས་དོན་ནི་གསེར་ནི་དངུལ་དང་ཞ་ཉེ་ལས་རིན་ཐང་ཆེ་བའི་དངོས་པོ་ཞིག་ཡིན་པས་ཡིད་ཀྱི་བརྟན་པ་འཕྲོག་པའི་མཛངས་མ་དེ་ལྟ་བུའི་འདྲ་གཟུགས་ནི་གསེར་གྱི་སྒམ་ཆུང་ནང་དུ་མ་གཏོགས་སྒམ་ཆུང་གཞན་དུ་ག་ལ་འཇོག་སྲིད་སྙམ། འོན་ཀྱང་སྒམ་ཆུང་དེ་ཁ་ཕྱེ་སྐབས་དེའི་ནང་དུ་ཡོད་པ་ནི་མཛེས་མའི་འདྲ་གཟུགས་ཤིག་མིན་པར་འཆི་ལྟས་མཚོན་པའི་འདྲ་གཟུགས་འཇིགས་སུ་རུང་བ་ཞིག་ཡོད་པ་དེའི་མིག་ཡ་གཅིག་གི་ནང་དུ་ཤོག་ལྷེབ་གཅིག་བཅུག་ཡོད་པ་དེའི་ནང་“འོད་འཚེར་དངོས་པོ་མཐའ་དག་གསེར་མིན་ནོ་”ཞེས་འཁོད་ཡོད་པས་གཉེན་སྒྲིག་གི་རེ་བ་འདོན་མི་དེ་ཡིད་སྐྱོ་བའི་ངང་ནས་ཕྱིར་ལོག གཉེན་སྒྲིག་གི་རེ་བ་འདོན་མི་གཞན་ཞིག་ནི་སི་པན་རྒྱལ་ཁབ་ཀྱི་ཨ་ས་ར་ཞེས་པའི་ཡུལ་གྱི་རྒྱལ་སྲས་ཡིན་ཞིང། ཁོང་ནི་ལས་དབང་འབེན་ལ་བཙུགས་ནས་ཚོད་ཐིག་བྱེད་པར་འོང་བ་ཞིག་ཡིན། དེས་དངུལ་གྱི་སྒམ་ཆུང་དེ་འདོད་པར་ཕྱིན་པ་ནི་སྒམ་ཆུང་དེའི་སྟེང་དུ་“ང་འདེམས་པོར་རང་ལ་ཐོབ་འོས་པའི་དངོས་པོ་འཐོབ་”ཅེས་པའི་ཡི་གེ་འཁོད་ཡོད་པས་དེའི་བསམ་པར་རང་སོ་སོར་ཐོབ་འོས་པའི་དངོས་པོ་ཞིག་བདེན་པ་བདེན་ཐུབ་ཀྱིས་འཐོབ་ཀྱི་ཡོད་ན་དེ་འདྲའི་འཇིག་རྟེན་ནི་ཡག་པོ་ལོས་ཡིན། གལ་ཏེ་མཛེས་མ་དེ་ང་ལ་འཐོབ་འོས་པ་ཞིག་མིན་ན་རང་ཉིད་ལ་ཐོབ་ཐང་མེད་པ་ཞིག་ལོས་ཡིན། འོན་ཀྱང་དོན་དངོས་ཐོག་རྒྱལ་སྲས་ང་ལྟ་བུ་ནི་མཛེས་མ་དེ་འཐོབ་འོས་པའི་མི་ཞིག་ཡིན་པར་སྨོས་ཅི་དགོས། ང་ལྟ་རུ་ཆུགས་དང་ཟེར་བ་དང་སྦྲགས་དངུལ་གྱི་སྒམ་ཆུང་དེ་ཁ་ཕྱེ་སྐབས་དེའི་ནང་ཡོད་པ་ནི་ཡིད་དབང་འཕྲོག་པའི་ཕོར་ཤི་ཡའི་འདྲ་གཟུགས་མིན་པར་ཤིན་ཏུ་མདོག་ངན་པའི་འདྲ་གཟུགས་ཞིག་ཡོད་པ་མཐོང་བས་རྒྱལ་སྲས་དེ་སེམས་སྡུག་ཆེན་པོས་ཕྱིར་ལོག་བྱས་ དེ་ནས་སྦ་ས་ནེའོ་ནི་དགའ་མ་དེར་རབ་ཏུ་ཆགས་ནས་དངངས་འཚབ་ཀྱི་བསམ་པའི་རྦ་རླབས་དྲག་ཏུ་འཕྱུར་བཞིན་པ་དེ་ཡུད་ཙམ་ཡང་ཞི་ཐབས་བྱེད་པའི་གོ་སྐབས་དང༌བྲལ་སྟབས་ཁོང་ལ་ཡང་སྒམ་ཆུང་གསུམ་པོ་དེ་འཕྲལ་མར་མིག་སྟོན་བྱེད་དགོས་བྱུང།
སྒམ་ཆུང་ཚོད་འདེམས་མ་བྱས་གོང་དུ་སྦ་ས་ནེའོས་ཞིབ་མོའི་བློ་ཡིས་དཔྱད་པ་ཡུན་རིང་བྱས་ནས་གསེར་གྱི་སྒམ་ཆུང་དང་དངུལ་ཀྱི་སྒམ་ཆུང་དེར་ལྟ་དུས་ཕྱི་དབྱིབས་ཀྱིས་ཡང་ཡང་མགོ་རྨོངས་པར་གྱུར། གང་ཡིན་ཞེ་ན་མི་ངན་གྱིས་དུས་ནམ་ཡིན་རུང་མི་བཟང་དུ་རྫུ་ཐབས་བྱེད་པ་དང།  དེ་བཞིན་མི་སྡུག་པའི་སྐྱེ་བོ་དག་གིས་དུས་ནམ་ཡིན་རུང་རང་ཉིད་ཀྱི་མདོག་ངན་པའི་རྣམ་པ་དེ་མཛེས་སྡུག་ལྡན་པའི་རྒྱན་གོས་ཀྱིས་འགེབས་ཐབས་བྱེད་ཀྱི་ཡོད་སྙམ་ནས་གསེར་གྱི་སྒམ་ཆུང་དང་དངུལ་ཀྱི་སྒམ་ཆུང་དེ་གཞོགས་གཅིག་ཏུ་བཞག་ནས་འོད་མི་འཚེར་ལ་དངོས་ངན་པའི་ཞ་ཉེའི་སྒམ་ཆུང་དེ་བདམས། སྐབས་དེར་གཞོན་ནུ་མ་དེས་སྦ་ས་ནེའོས་སྒམ་ཆུང་འདེམས་ནོར་མ་བྱུང་བ་མཐོང་བས་བརྗོད་ཀྱིས་མི་ལངས་པའི་སྤྲོ་བ་བརྟས་སྦ་ས་ནེའོས་ཞ་ཉེའི་སྒམ་ཆུང་དེ་ཁ་ཕྱེ་སྐབས་དེའི་ནང་དུ་རང་ཉིད་ཀྱི་ཡིད་ཀྱི་བརྟན་པ་གཅིག་པུར་གྱུར་པ་དགའ་མ་ཕོར་ཤི་ཡའི་འདྲ་གཟུགས་ཤིག་ཡོད་པ་མཐོང།
དེ་ནས་སྦ་ས་ནེའོས་ཕོར་ཤི་ཡར་ལྟ་ཙམ་བྱས་པ་ནི་ཕོ་གཞོན་དེའི་བསམ་པར་དགའ་མ་དེའང་ཁོང་དང་འདྲ་བར་དགའ་སྣང་དང་ལྡན་པ་ཞིག་ཡིན་མིན་དང། སྐབས་དེར་ཁོང་གི་བསམ་པར་དངོས་འབྲེལ་གཞོན་ནུ་མ་དེས་རང་ཉིད་མཱུའི་གཏན་གྲོགས་སུ་འདོད་པ་ཞིག་ཡིན་མིན་ངེས་པ་མེད་སྙམ། འོན་ཀྱང་མཛེས་མ་དེས་ལམ་སེང་སྦ་ས་ནེའོར་ཁུ་བ་ལྡན་པའི་ཟུར་མིག་གིས་མདའ་མོ་འཕེན་བཞིན་པར་ཕོ་གཞོན་དེ་རང་ཉིད་ཀྱི་གཏན་གྲོགས་བྱེད་རྒྱུར་ཁས་བླངས་ནས། བདག་ནི་ཤེས་ཡོན་གྱིས་དབུལ་བའི་བུད་མེད་ཅིག་ཡིན་པས་འདོད་རྔམ་གྱི་བསམ་བློ་གང་ཡང་མེད།  ཁྱེད་ཀྱིས་བདག་ལ་གང་བསླབས་པ་དེ་སྦྱོང་རྒྱུ་དང། བྱ་བཞག་གང་དང་གང་ལའང་ཁྱེད་ཀྱི་བློ་གྲོས་ཀྱིས་སྣེ་ཁྲིད་བྱས་པའི་ཕྱོགས་སུ་བསྐྱོད་རྒྱུ་ནི་རང་གི་བདེ་སྐྱིད་ཆེ་ཤོས་ཤིག་ཏུ་བརྩི་གི་ཡོད། དེར་བརྟེན་ངས་རང་གི་ལུས་ལོངས་སྤྱོད་དང། གཡོག་ཕོ་མོ་བཅས་དང་མཁར་དངོས་ཡོད་རྒུ་ཁྱེད་ལ་འབུལ་བའི་མཚོན་རྟགས་སུ་ངས་ཚིགས་ཁེབས་འདི་ཁྱེད་ལ་སྤྲོད་རྒྱུ་ཡིན་ཞེས་བརྗོད་དེ་ཚིགས་ཁེབས་དེ་སྤྲད་པ་དང་སྦྲགས་གལ་ཏེ་ཁྱེད་ཀྱིས་ཚིགས་ཁེབས་འདི་དང་ཁ༌བྲལ་ཚེ་ངེད་ཅག་ཁྱོ་ཤུག་གཉིས་ཀྱི་མཛའ་སེམས་ཀྱང་དོར་བའི་རྟགས་ཡིན་ཞེས་བརྗོད། སྦ་ས་ནེ་འོས་སྤྲོ་བ་འཕེལ་བཞིན་དུ་ཚིགས་ཁེབས་དེ་བླངས་པ་དང་དུས་མཚུངས་ཕོར་ཤི་ཡར་ངས་ཚིགས་ཁེབས་འདི་དང་ཁ༌བྲལ་ཚེ་རང་ཉིད་ཀྱི་བླ་སྲོག་དང༌བྲལ་རྒྱུར་ཐེ་ཚོམ་མེད་ཅེས་བརྗོད་ནས་ཁྱོ་ཤུག་གཉིས་པོས་ཕན་ཚུན་མཛའ་སེམས་ནམ་ཡང་མི་ལྷོད་པའི་དམ་བཅའ་བརྟན་པོར་བཞག སྦྤ་ས་ནེ་འོའི་གྲོགས་པོ་གྷ་ར་ཤི་ཡ་ནོ་དང་ཕོར་ཤིཡའི་གཡོག་མོ་ནེ་རི་ས་ཡང་ཁང་པ་དེའི་ནང་མཉམ་དུ་ཡོད་པས་སྐབས་དེའི་གནས་ཚུལ་ཚང་མ་མཐོང་ཡོད། གྷ་ར་ཤི་ཡ་ནོས་མདུན་དུ་ཡོང་ནས་ངའི་རྗེ་བོ་སྦ་ས་ནེ་འོ་དང་རང་བཞིན་བཟང་བའི་ལྕམ་སྐུ་ཞབས་ ཁྱེད་གཉིས་བདེ་སྐྱིད་ཀྱི་དཔལ་ལ་རོལ་རྒྱུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།  ཁྱེད་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒཱུའི་སྐབས་ངེད་ཅག་འཁོར་གཡོག་ཕོ་མོ་གཉིས་ཀྱི་གཉེན་སྒྲིག་དེའང་ཆབས་ཅིག་ཏུ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ངའི་གཉེན་སྒྲིག་གི་རེ་བ་འདོན་ཡུལ་ནེ་རི་སས་ མཱུའི་སྦྱིན་བདག་གིས་སྦ་ས་ནེའོ་དང་གཉེན་སྒྲིག་བྱས་སོང་ན་མོ་ཡང་ང་དང་གཉེན་སྡེབ་བྱེད་རྒྱུའི་དམ་བཅའ་བཞག་བྱུང་ཞེས་བརྗོད་པར། སྦ་ས་ནེའོ་དང་ཕོར་ཤི་ཡས་གཡོག་ཕོ་མོ་གཉིས་ཀྱང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་རེ་སྨོན་དང་སྦྲགས་ཁོ་གཉིས་ཀྱི་རེ་བ་སྐོང་རྒྱུའི་ཁས་བླངས་སོ། །
དེ་ལྟ་བུར་དྲོ་སྐྱིད་ཀྱི་ཉི་འོད་རབ་ཏུ་འཕྲོ་བའི་པདྨའི་ཚལ་ན་ཆགས་པའི་སྤུ་ལོང་གཡོ་བའི་ན་གཞོན་བུང་བའི་ཚོགས་རྣམས་ཅི་དགར་རོལ་བ་ལྟར་མཛའ་གཅུགས་ཀྱི་ཁྱོ་ཤུག་རྣམས་མངོན་འདོད་དགའ་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་དུས་དེར་ གློ་བུར་དུ་གདུང་བའི་སྤྲིན་ནག་ཅིག་ལང་ལོང་དུ་འཁོར་ནས་གཞོན་ནུ་ཕོ་མོ་ཚོའི་དགའ་སྐྱིད་ཀྱི་རྣམ་པ་དེ་སྐད་ཅིག་ཉིད་དུ་འཇོམས་པར་བྱས་པ་འདི་ལྟར། བྱ་མ་རྟ་ཞིག་གིས་སྦ་ས་ནེ་འོར་འཕྲིན་ཡིག་ཅིག་སྤྲད་པ་དེ་ནི་ཁོང་གིས་ཤ་ཡེ་ལོག་ས་ནས་གསེར་ཊམ་སུམ་སྟོང་ཐམ་པ་གཡར་མཁན་ཚོང་པ་ཨན་ཀྲོ་ནིའོས་བཏང་བའི་ཡི་གེ་ཞིག་ཡིན། སྦ་ས་ནེ་འོས་ཡི་གེ་དེ་ཀློག་སྐབས་དེ་མ་ཉིད་དུ་གདོང་གཤིས་འགྱུར་བ་དེ་ཕོར་ཤི་ཡས་ཤེས་ནས་དེའི་ནང་གནས་ཚུལ་མི་ལེགས་པ་ཞིག་ཡོད་པ་གཞིར་བཅས་སྙམ་ནས་སྦ་ས་ནེ་འོར། ད་ནི་ཁྱེད་དང་ང་གཉིས་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་གི་འཚོ་བ་མཉམ་སྐྱེལ་བྱེད་རྒྱུར་ཐག་བཅད་ཟིན་པས་གནས་ཚུལ་བཟང་ངན་ཅི་བྱུང་ཡང་ང་ལ་ཤོད་དང། དེ་གང་ཡིན་ནམ་ཞེས་དྲིས་པར། སྦ་ས་ནེའོས་ཕོར་ཤི་ཡར་ཁོའི་གྲོགས་པོ་ཨན་ཀྲོ་ནིའོས་ཇི་ལྟར་བྱས་ནས་བུ་ལོན་གཡར་བའི་ལོ་རྒྱུས་དང། གལ་ཏེ་བུ་ལོན་དེ་དུས་ཐོག་ཏུ་སྤྲོད་མ་ཐུབ་ན་ཨན་ཀྲོ་ནི་འོའི་ལུས་པོའི་ཐོག་ནས་ཤ་རྒྱ་མ་གང་གི་ལྗིད་ཚད་འབྲེག་རྒྱུའི་གན་རྒྱ་བཞག་ལུགས་སོགས་སྔ་ཕྱིའི་འབྱུང་རྐྱེན་རྣམས་ཕྲ་ཞིང་ཞིབ་པར་བཤད་དོ། །
ཡི་གེ་དེའི་ནང་དུ་གཞན་ཡང་ཨན་ཀྲོ་ནིའོའི་ཚོང་གྲུ་རྣམས་གར་སོང་ཆ་མེད་དུ་གྱུར་པས་ཁོང་གི་རེ་འདོད་ཚང་མ་སྟོང་པར་གྱུར་ལུགས་དང།  ད་ཆ་ཨན་ཀྲོ་ནིའོས་བུན་བདག་འཇིའུ་དེར་གན་རྒྱའི་ནང་དོན་གཞིར་བཟུང་བུ་ལོན་འཇལ་མ་ཐུབ་ན་ཁོ་རང་གསོན་པོར་གནས་ཐབས༌བྲལ་བར་བརྟེན་འཆི་ཁར་གྲོགས་མཆོག་སྦ་ས་ནེའོ་དང་མཐའ་མའི་ཐུག་འཕྲད་བྱེད་འདོད་ཡོད་ལུགས། གལ་ཏེ་སྦ་ས་ནེ་འོས་ཁོང་ལ་བཅངས་པའི་བརྩེ་དུང་དེས་ཁོ་པ་ཨན་ཀྲོ་ནིའོའི་སར་ཡོང་རྒྱུར་སྐུལ་མ་བྱེད་མ་ཐུབ་ན་ཡི་གེ་འདི་འབྱོར་ཡང་ཁོང་གི་སར་མ་ཡོང་ན་འགྲིགས་ཞེས་གསལ། བང་ཆེན་དེས་ད་དུང་བཤད་དོན།  གསེར་ཊམ་སུམ་སྟོང་ཐམ་པ་སྤྲོད་རྒྱུའི་དུས་ར་དེ་ཡོལ་ཟིན་སྟབས་བུན་བདག་ཤ་ཡེ་ལོག་གིས་ཡུལ་དེའི་ཁྲིམས་དཔོན་སར་ཡང་ནས་ཡང་དུ་ཁྲིམས་གཏུགས་བྱས་ནས་གྱོད་གཞི་དེ་དྲང་བདེན་གྱིས་ཐག་གཅོད་ཡོང་བའི་རེ་འབོད་བྱེད་ཀྱི་ཡོད་ལུགས་དང། ད་དུང་ཤ་ཡེ་ལོག་གིས་གན་རྒྱ་དེ་ནི་ཁྲིམས་ལུགས་གཞིར་བཟུང་བཞག་པ་ཞིག་ཡིན་པས་ངེས་པར་དུ་དེའི་ནང་གཏན་ལ་ཕབ་པའི་དུས་ཚོད་ལ་བརྩི་འཇོག་བྱེད་དགོས་ཟེར་བར་བརྟེན།  ད་ཆ་ཨན་ཀྲོ་ནིའོ་ནི་བུ་ལོན་སྤྲོད་ཆད་བཞག་མཁན་གཞན་དང་འདྲ་བར་བཙོན་འཇུག་བྱས་པ་དང།  གཏན་འཁེལ་གྱི་དུས་ཚོད་ཅིག་ཏུ་ཁྲིམས་དཔོན་དེས་གྱོད་གཞིའི་དཔྱད་མཚམས་གཏོང་རྒྱུར་ཐག་བཅད་སོང་ཞེས་སྨྲས། གཞོན་ནུ་མ་ཕོར་ཤི་ཡས་སྟབས་མི་ལེགས་པའི་གནས་ཚུལ་དེ་ཐོས་རྗེས་མོས་བྱེད་ཐུབ་པའི་རོགས་རམ་མཐའ་དག་བྱེད་རྒྱུ་དང་གལ་ཏེ་ཕན་པ་ཡོད་ཚེ་གསེར་ཊམ་སུམ་སྟོང་ཐམ་པ་དེའི་ལྡབ་འགའ་ཤས་སྤྲོད་དགོས་བྱུང་ནའང་སྤྲོད་རྒྱུར་སེམས་ཐག་བཅད་པ་མ་ཟད་  གྲོགས་པོ་མྱུར་དུ་སྐྱོབ་པར་སྦ་ས་ནེའོ་བསྐྱོད་དགོས་རྒྱུར་སྐུལ་མ་བཏང། འོན་ཀྱང་སྔོན་ལ་གཉེན་སྒྲིག་གི་བྱེད་སྒོ་སྒྲུབ་དགོས་པར་བརྟེན་ཁྱོ་ཤུག་ཆ་གཉིས་པོ་འཕྲལ་མར་ཆོས་ཁང་དུ་ཕྱིན་ནས་གཉེན་སྒྲིག་གི་རྟེན་འབྲེལ་བྱས། དེ་ནས་སྦ་ས་ནེའོ་དང་གྷ་ར་ཤི་ཡ་ནོ་གཉིས་ཀྱིས་སོ་སོའོ་གཅེས་པའི་བཟའ་ཟླ་བཞག་ནས་མྱུར་བ་ཉིད་དུ་གྲོང་ཁྱེར་ལྦེ་ནི་སིའི་ཕྱོགས་སུ་བསྐྱོད་དོ། །
ཁོ་གཉིས་ཐོན་འཕྲལ་ཕོར་ཤི་ཡས་ཨན་ཀྲོ་ནིའོའི་སྲོག་སྐྱོབ་ཐབས་ལ་རོགས་རམ་ཐུབ་ན་རང་ཉིད་ནི་རང་གི་ཁྱོ་གར་ཕན་ཐོགས་ཆེན་པོ་ཡོད་པའི་མི་ཞིག་ཏུ་མི་འགྱུར་རམ་སྙམ་པའི་བསམ་བློ་ཞིབ་ཏུ་བཏང། གཞོན་ནུ་མ་དེ་ནི་རང་གི་ཁྱོ་གར་ཤིན་ཏུ་གཅེས་པ་ཞིག་ཡིན་པས་དེའི་ཆེད་དུ་རང་ཉིད་ཀྱི་སེམས་ཤུགས་དང། ནུས་རྩལ་ཚོད་བགམ་ཐུབ་པ་ཞིག་བྱེད་བསམ་པའི་བློ་ཐག་བཅད། མོས་གསང་སྟབས་ཀྱིས་རང་ཉིད་ཀྱི་སྤུན་མཆེད་དུ་གྱུར་པའི་ཤེས་ལྡན་གྱི་ཁྲིམས་རྩོད་པ་སྦེ་ལ་རི་འོ་ཟེར་བ་ཞིག་ཡོད་པ་དེའི་སར་སློབ་སྟོན་ཡོང་བ་དང་ཁོའི་ཁྲིམས་རྩོད་པའི་ལས་གོས་དེ་ཡང་བསྐུར་དགོས་པའི་འཕྲིན་ཡིག་ཅིག་བཏང། ཁྲིམས་རྩོད་པ་དེའི་ཡིག་ལན་ནང་དུ་ཇི་ལྟར་བྱས་ནས་ཁྲིམས་རྩོད་པ་ཞིག་གིས་ཁྲིམས་སར་རྣམ་འགྱུར་སྟོན་སྟངས་སྐོར་ཞིབ་པར་བསླབས་པ་དང། ཐབས་ལམ་གང་ཞིག་ལ་བརྟེན་ནས་ཨན་ཀྲོ་ནིའོའི་གྱོད་གཞི་དེའི་སྐོར་དག་སེལ་བྱེད་དགོས་ལུགས་ཞིབ་པར་བཀོད་པ་དང་སྦྲགས་ཁོའི་ཁྲིམས་རྩོད་པའི་ལས་གོས་དེ་ཡང་བསྐུར།

 

རྩོམ་སྒྲིག་པའི་གཏམ།
ཝེ་ནི་སིའི་ཚོང་པ། (དུམ་ཚན་གཉིས་པ)

སྔོན་མ།
འཁྲུངས་གླིང་མེ་ཏོག་ར་བ། ལེའུ་བཅུ་པ།
ཕྱི་མ།
ཝེ་ནི་སིའི་ཚོང་པ། (དུམ་ཚན་གཉིས་པ)
Menu