ཟླ་རེའི་གསར་འགྱུར།

ཝེ་ནི་སིའི་ཚོང་པ། (དུམ་ཚན་གཉིས་པ)

ཨེཅ་ འཇིའི་ ཝཡེཊི་ ཡིས་བསྐྱར་འབྲི་བྱས།
ཚེ་དབང་རྣམ་རྒྱལ་གྱིས་བསྒྱུར།

    དེ་ནས་ཕོར་ཤི་ཡས་ཕྱི་ལ་རང་གི་ཁྱོ་གར་ཕྱིར་མ་ལོག་པར་ཉེ་འཁོར་གྱི་དགོན་པ་ཞིག་ཏུ་སྨོན་ལམ་འདེབས་པར་འགྲོ་རྒྱུ་ཡིན་པར་བསྒྲགས་ཤིང། དོན་དུ་མོས་གཡོག་མོ་ནེ་རི་ས་བསྐོང་ནས་རང་ཉིད་ཀྱི་ནང་མའི་འཆར་གཞི་རྣམས་ཞིབ་པར་བཤད་ དེ་ནས་ཁོ་གཉིས་ཀྱིས་སྐྱེས་པའི་ཆས་གོས་སྤྲས་ཏེ། ནེ་རི་སས་དྲུང་ཡིག་གི་ཆས་སྤྲས་པ་དང་ཕོར་ཤི་ཡས་ཁྲིམས་རྩོད་པའི་ལས་གོས་རིང་པོ་དེ་གྱོན་ནས་གསང་སྟབས་ཀྱིས་གྲོང་ཁྱེར་ཝེ་ནི་སིའི་ཕྱོགས་སུ་ཆས།
སྐབས་དེར་སྦ་ས་ནེའོ་དང་གྷ་ར་ཤི་ཡ་ནོ་གཉིས་གྲོང་ཁྱེར་ཝེ་ནི་སིར་འབྱོར་ནས་ཁྲིམས་ཁང་དུ་བཅར་ཟིན་པ་མ་ཟད་ ཁྲིམས་གཅོད་འགོ་ཚུགས་ཉེར་གནས། ཁྲིམས་གཅོད་ཀྱི་དུས་ཚོད་ཟིན་སྐབས་ཁྲིམས་དཔོན་དང་ལས་བྱ་ཡོངས་རྫོགས་ཁྲིམས་ཁང་དུ་འབྱོར་ནས་རང་སོ་སཱུའི་གྲལ་དུ་འཁོད།  བཙོན་པ་ཨན་ཀྲོ་ནིའོ་ཡར་ཁྲིད་ཡོང་ནས་ཁྲིམས་དཔོན་དེས་ཐོག་མའི་གྱོད་གཏུགས་བྱེད་མཁན་བུན་བདག་ཤཡེ་ལོག་བོས་ཏཻ་ཁོ་ལ་གདུག་རྩུབ་ཀྱི་བླང་བྱ་སྤངས་ནས་ཨན་ཀྲོ་ནིའོ་ལ་བཙན་ཤེད་ཀྱིས་གན་རྒྱའི་ནང་དོན་ལག་ལེན་བསྟར་དུ་འཇུག་མི་རུང་ཞེས་བརྗོད་ཀྱང་ཤ་ཡེ་ལོག་གིས་ཉན་དུ་མ་འདོད། 
དེ་ནས་སྦ་ས་ནེ་འོས་ཆད་བུན་དེའི་ལྡབ་གཉིས་སྤྲོད་རྒྱུ་ཡིན་པས་ཨན་ཀྲོ་ནི་འོའི་ལུས་པོའི་ཐོག་ནས་ཤ་ལྡིག་མ་འབྲེག་རོགས་ཞེས་ཞུ་བ་ནན་གྱིས་འཐེན་ཡང་ཤ་ཡེ་ལོག་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མ་བལྟས་པར་ཁྲིམས་ལུགས་ཀྱི་བདེན་པ་ནི་ངའི་ཕྱོགས་སུ་ཡོད།  གན་རྒྱ་དེ་ནི་ཁྲིམས་ལུགས་ལྟར་འོས་ཤིང་འཚམས་པའི་སྒོ་ནས་བཞག་པ་ཞིག་ཡིན་པས་དེ་ངེས་པར་དུ་ལག་ལེན་བསྟར་དགོས་ཞེས་བཤད།  ཁོའི་བསམ་པར་ད་ནི་རང་ཉིད་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆུང་དམའ་འབེབས་བྱེད་མཁན་སྤོབས་པ་མཐོ་བའི་ཡེ་ཤུའི་ཆོས་ལུགས་པ་དེར་དགྲ་ལན་བསློགས་པའི་གོ་སྐབས་ཤིག་ཤར་སོང་སྙམ་ནས་ངས་གན་རྒྱའི་ནང་འཁོད་པ་ལྟར་ལག་ལེན་བྱེད་རྒྱུ་ཡིན་ཞེས་གཡོ་ཁྲམ་དང་ཁྲེལ་རྒོད་ཀྱི་རྣམ་འགྱུར་ཐོག་ནས་གན་རྒྱ་དེ་ནི་ང་དང་ཨན་ཀྲོ་ནེའོའི་བར་ལ་བཞག་པ་ཡིན་སྟབས་དེར་བརྩི་སྲུང་བྱེད་རྒྱུ་ནི་ལུགས་དང་མཐུན་པ་ཡིན་ཞེས་བརྗོད།
  དུས་དེར་ཁྲིམས་དཔོན་དེས་ཁྲིམས་ལུགས་ལ་མཁས་པའི་ཁྲིམས་རྩོད་པ་གཞན་ཞིག་འབོད་པར་བཏང་བ་དེ་ནི་གཞན་སུ་ཡང་མིན་པར་ཕོར་ཤི་ཡ་ལ་རང་ཉིད་ཀྱི་ཁྲིམས་རྩོད་པའི་ལས་གོས་བསྐུར་ནས་བསླབ་བྱ་རྒྱག་མཁན་པཎྜི་ཏ་སྦེ་ལ་རིའོ་ཡིན་པ་རེད་ ཁྲིམས་དཔོན་དེས་དཔྱད་ཁྲ་མ་གཏང་གོང་ཤེས་ལྡན་གྱི་ཁྲིམས་རྩོད་པ་དེ་ཡོང་རྒྱུར་སྒུག་དགོས་དོན་ནི་ཁྲིམས་དཔོན་དེའི་བསམ་པར་ཤེས་ལྡན་ཁྲིམས་རྩོད་པ་དེས་གཅིག་བྱས་ན་ཨན་ཀྲོ་ནིའོའི་སྲོག་སྐྱོབ་ཐུབ་མདོག་ཁ་སྙམ་  སྐབས་དེར་དྲུང་ཡིག་ཅིག་ཁྲིམས་ཁང་དུ་འབྱོར་ནས་ཁོས་པཎཊི་ཏ་སྦེ་ལ་རི་འོས་བསྐུར་བའི་ཡི་གེ་ཞིག་འཁྱེར་ཡོད་ལུགས་བཤད་ ཡི་གེ་དེའི་ནང་དེང་སྐབས་ནད་མནར་གྱིས་རྐྱེན་པས་ཁྲིམས་ཁང་དེར་བཅར་ཐབས་མི་འདུག་ན་ཁོང་གི་གྲོགས་པོ་ལོ་ན་གཞོན་པའི་པཎྜི་ཏ་སྦལ་ཐ་ཛར་ཞེས་པར་གྱོད་གཞི་དེའི་ཐད་ཁྲིམས་ཁང་དུ་འགྲོ་དགོས་ཞེས་ནན་གྱིས་བསྐུལ་ཡོད་པས་དེའི་ཐོག་ཁྲིམས་དཔོན་ནས་ཆོག་མཆན་གནང་སྐྱོང་ཡོད་པ་ཞེས་འཁོད་པ་གཞིར་བཟུང་ཁྲིམས་དཔོན་དེས་པཎྜི་ཏ་སྦལ་ཐ་ཛར་ལ་ཁྲིམས་ཁང་དུ་ཁྲིམས་རྩོད་པ་བྱེད་པར་ཡོང་ཆོག་པའི་ཆོག་མཆན་ཕབ་ནས་གདན་དྲངས།
དྲུང་ཡིག་དེ་ནི་གཡོག་མོ་ནེ་རི་ས་ཡིན་པ་དང། པཎྜི་ཏ་སྦལ་ཐ་ཛར་ཞེས་པ་དེ་དོན་དངོས་ཐོག་སུ་ཡིན་མིན་ནི་ཁྱེད་ཀྱིས་ཚོད་དཔགས་ཐུབ་ངེས་ཡིན། ཤེས་ལྡན་གཞོན་ནུ་ཁྲིམས་རྩོད་པ་དེ་ལྟ་བུ་ཞིག་མཐོང་བར་ཁྲིམས་དཔོན་དེ་ཧ་ལས་པའི་སྣང་ཚུལ་ཞིག་བྱུང་རུང་པཎྜི་ཏ་དེར་ཨན་ཀྲོ་ནིའོའི་གྱོད་གཞིར་བཀོད་པ་གཏོང་དུ་བཅུག པཎྜི་ཏ་སྦལ་ཐ་ཛར་ལ་བརྫུས་པའི་ཕོར་ཤི་ཡས་ཤ་ཡེ་ལོག་ལ་བྱམས་སྙིང་དགོས་པའི་ཞུ་བ་ཕུལ་དོན།  བྱམས་སྙིང་རྗེ་བྱེད་པོ་དང་སྙིང་རྗེ་བྱ་ཡུལ་གཉིས་ཀར་བྱིན་རླབས་སྦྱིན་ བྱམས་སྙིང་བྱེད་རྒྱུ་ནི་རྒྱལ་པོ་ཞིག་ལ་ཆ་མཚོན་ན་རྒྱལ་ཞྭ་གྱོན་རྒྱུ་ལས་ལྷག བྱམས་སྙིང་མཐའ་གཅིག་ཏུ་བྱེད་པོ་ནི་དཀོན་མཆོག་ཁོ་ན་ཡིན། སྐྱེ་བོ་ཀུན་གྱི་བསམ་པར་རང་ཉིད་ལ་མི་གཞན་གྱིས་བྱམས་བརྩེའི་ལྟ་སྐྱོང་བྱེད་མཁན་བྱུང་ན་བསམ་པ་དེ་བཞིན་དུ་རང་ཉིད་ཀྱིས་ཀྱང་མི་གཞན་ལ་བྱམས་སྙིང་རྗེའི་སེམས་སྐྱེད་བཟང་པོ་ཞིག་འཆང་དགོས་ཞེས་བརྗོད་ཀྱང་ཤ་ཡེ་ལོག་གིས་མ་གོ་མ་ཐོས་པའི་ཚུལ་དུ་ཁ་ཡ་མ་བྱས་པར། ང་ལ་དགོས་པ་ནི་ཁྲིམས་ལུགས་ནང་གཏན་ལ་ཕབ་པའི་དོན་དག་དེ་རང་ཡིན་པ་དེ་ནི་གན་རྒྱའི་ནང་དུ་གསལ་པོར་འཁོད་པ་ལྟར་ཡིན་ཞེས་བརྗོད། དེ་ནས་ཕོར་ཤི་ཡས་འོ་ན་ཁོས་ཁྱོད་ལ་ཆད་པའི་བུ་ལོན་དེ་གཞལ་ན་མི་འགྲིགས་སམ་ཞེས་དྲིས་པར་ལན་མ་བཏབ་གོང་དུ་སྦ་ས་ནེ་འོས་འགྲིག་དང་འགྲིག དེ་ལས་མང་བ་འཇལ་ཐུབ། དེའི་རྒྱུ་མཚན་ནི་ངས་བུ་ལོན་དེའི་ལྡབ་བཅུ་ལྷག་སྤྲོད་ཐུབ་ཅེས་བརྗོད་པ་དང་སྦྲགས་ཁྲིམས་རྩོད་པ་དེར་བཙོན་པ་དེའི་ཕྱོགས་སུ་ཁྲིམས་ལུགས་ཕྲན་བུ་འཁྱོག་རོགས་ཞེས་ཞུ་བ་ཕུལ་དོན། བདེན་པ་ཆེན་པོ་ཞིག་སྒྲུབ་དགོས་ན་རྫུན་མ་ཆུང་ངུ་ཞིག་བྱེད་དགོས་ཞེས་བརྗོད་པར། ཕོར་ཤི་ཡས་དེ་ལྟར་བྱས་ན་མི་འགྲིགས། ང་ཚོས་ད་ལྟ་ཁྲིམས་ལུགས་དེ་ལོགས་སུ་བཞག་ན་རྗེས་སུ་གཞན་གྱིས་མིག་ལྟོས་ངན་འདྲེན་བྱེད་སྲིད་ རྒྱལ་ཁབ་ཀྱིས་རང་གི་ཁྲིམས་ལུགས་བརྩི་མེད་དུ་བཏང་ན་དེའི་གྱོང་གུན་རང་ཉིད་ལ་ཕོག་ངེས་ཡིན་ཞེས་བརྗོད། ཤ་ཡེ་ལོག་གིས་དེ་ཐོས་རྗེས་ད་ནི་རང་ཉིད་ཀྱི་ཁ་མཆུ་དེ་འཐོབ་ཀྱི་རེད་སྙམ་ནས་སྤྲོ་བ་རབ་ཏུ་བརྟས་ཏེ་སེམས་གཏིང་གི་དགའ་སྣང་གནོན་དུ་མེད་པར་ད་ནི་ཌ་ནེལ་ཞིག་ཁྲིམས་གཅོད་དུ་ཕེབས་པ་དང། དངོས་གནས་ཌ་ནེལ་རང་རེད། ཀྱེ་་་སྐུ་ན་ཕྲ་བའི་ཁྲིམས་གཅོད་པ་ཁྱེད་ལ་བདག་གིས་བླ་ན་མེད་པའི་གུས་འདུད་ཞུ་ཞེས་བརྗོད། ཌ་ནེལ་ཞེས་པ་ནི་འཇིའུ་ཡི་རླབས་ཆེན་གྱི་མ་འོངས་ལུང་བསྟན་པ་ཞིག་ཡིན་པས་ཤ་ཡེ་ལོག་གིས་ཕོར་ཤི་ཡའི་དྲང་བདེན་དང་ཡོན་ཏན་ལ་ཚད་མཐོ་ཤོས་ཀྱི་བསྟོད་བསྔགས་བྱས་པ་ཞིག་ཡིན། དེ་ནས་ཕོར་ཤི་ཡས་གན་རྒྱ་དེ་སྟོན་དང་ཞེས་བརྗོད་རྗེས་གན་རྒྱ་དེ་བཀླགས་པ་དང་དུས་མཚུངས་ཤ་ཡེ་ལོག་གིས་ཤ་ལྡིག་རྒྱ་མ་གང་འབྲེག་ཆོག་པའི་ཐོབ་ཐང་འདུག འོན་ཀྱང་ངས་ཡང་བསྐྱར་ཐེངས་གཅིག་ཞུ་བ་འཐེན་རྒྱུར། བྱམས་སྙིང་གྱིས་དང། གན་རྒྱ་དེ་དབྲོལ་དུ་ཆུགས་དང་ཞེས་བརྗོད་ཀྱང་ཤ་ཡེ་ལོག་གིས་རང་ངོས་ནས་བལྟས་ན་གན་རྒྱའི་ནང་དོན་ལ་སྲུང་བརྩི་བྱེད་རྒྱུ་ལས་གཞན་གང་ལའང་ཉན་འཇོག་མི་བྱེད་ཐག་ཆོད་ཡིན་ཞེས་བརྗོད། དེ་ནས་ཕོར་ཤི་ཡས་ཨན་ཀྲོ་ནིའོར་ད་འོ་ན་ཁྱོད་ཀྱི༌བྲང་ཁ་རྗེན་པར་ཐོན་ཅིག ད་ནི་ཁྲིམས་གཅོད་ལག་ལེན་བསྟར་རྒྱུ་ཡིན་ཞེས་བརྗོད།  སྐབས་དེར་ཤ་ཡེ་ལོག་གི་བསམ་པར་ཤེས་ལྡན་ཁྲིམས་པ་དེས་ཐག་གཅོད་བྱས་པར་བརྟེན་རང་ཉིད་ལ་འཁོན་ལན་སློག་པའི་གོ་སྐབས་ཤིག་བྱུང་སོང་སྙམ་པའི་དགའ་སྣང་གནོན་དུ་མེད་པ་བྱུང་ནས།  ཀྱེ། བླ་ན་མེད་པའི་དྲང་བདེན་པ་ཁྱེད། ཕུལ་བྱུང་གི་གཞོན་ནུ་ཁྱེད་ཅེས་ཟེར་ནས་དགའ་འབོད་བྱས།
ཨན་ཀྲོ་ནིའོས་ད་ནི་རང་ཉིད་འཆི་ཁར་སླེབས་སོང་བསམས་ནས་སྦ་ས་ནེ་འོར་ཁ་ལན་ཞིག་བསྐུར་ནས་སྦ་ས་ནེ་འོས་ཕོར་ཤི་ཡར་ཨན་ཀྲོ་ནིའོ་ཇི་ལྟར་ཉམས་ཉེས་པར་གྱུར་ཚུལ་སྐོར་དང། དེ་ལྟར་བྱེད་དགོས་དོན་ནི་ཨན་ཀྲོ་ནིའོས་ཕོར་ཤི་ཡའི་ཁྱོ་ག་སྦ་ས་ནེ་འོར་མཛའ་བརྩཻ་ཟབ་མོ་བཅངས་པའི་རྐྱེན་གྱིས་ཡིན་པའི་སྐོར་ལན་སྤྲོད་རོགས་ཞེས་མངགས། དེར་སྦ་ས་ནེའོས་སེམས་སྡུག་ཆེན་པོའི་ངང་ནས་ཨན་ཀྲོ་ནིའོ་སྐྱོབ་རྒྱུ་བྱུང་ན་རང་གིས་བློས་གཏོང་མི་ཕོད་པའི་དངོས་པོ་ཅི་ཡང་མེད། ཐ་ན་རང་ཉིད་ཀྱི་སྲོག་དང་བཟའ་ཟླ་སོགས་བློས་གཏོང་རྒྱུ་ཐག་བཅད་པ་ཡིན་ཞེས་བརྗོད། །
དེ་ནས་ཕོར་ཤི་ཡས་ཤ་ཡི་ལོག་ལ་ད་ཁྱོད་ལ་བདག་པའི་དངོས་པོ་དེ་ལོངས་ཤིག ཁྲིམས་ལས་དཔྱད་པའི་ཤ་ལྡིག་རྒྱ་མ་གང་དེ་མི་འདིའི༌བྲང་ཁ་ལས༌བྲེགས་ཤིག་ཅེས་སྨྲས་པར་ཤ་ཡེ་ལོག་གིས་ལག་ཏུ་སྤུ་གྲི་ཐོགས་ཤིང་ཨན་ཀྲོ་ནིའོའི༌བྲང་ཁར་རྡེག་པར་བརྩམས་ནས་ད་ཁྱོད་གྲ་སྒྲིག་གྱིས་ཤིག་ཅེས་བརྗོད། འོན་ཀྱང་ཁོས་ཨན་ཀྲོ་ནིའོའི༌བྲང་ཁར་སྤུ་གྲི་བསྣུན་ཁར་ཕོར་ཤི་ཡས་ཁོ་ལ་སྒུགས་ཤིག ད་དུང་གནད་དོན་གཞན་ཞིག་འདུག གན་རྒྱ་འདིའི་ནང་དུ་ཁ་གསལ་འཁོད་པ་ལྟར་ན་ཁྱོད་ལ་ཤ་ལྡིག་རྒྱ་མ་གང་ལས་ཁྲག་ཐིགས་པ་གཅིག་ཀྱང་སྤྲད་མི་འདུག གལ་ཏེ་ཁྱོད་ཀྱིས་ཤ་འབྲེག་སྐབས་ཁྲག་ཐིགས་པ་གཅིག་ཟགས་ན་གྲོང་ཁྱེར་ཝེ་ནི་སིའི་ཁྲིམས་ལུགས་གཞིར་བཟུང་གི་ཁྱོད་ཀྱི་མཁར་ཆེ་དབང་ཐང་གཞུང་བཞེས་གཏོང་རྒྱུ་ཡིན་ཞེས་བརྗོད། ཤ་ཡེ་ལོག་ཧ་ལས་ཧོན་ཐོར་ཞིང་ཅི་བྱེད་འདི་བྱེད་མེད་པར་འཐོམས་མེར་གནས་པ་དང།  ཁོའི་བསམ་པར་ད་ནི་ཨན་ཀྲོ་ནིའོ་སྲོག་ལས་ཐར་བའི་དུས་ཤིག་ཤར་སོང་སྙམ་ནས་ཁྲིམས་ལུགས་ནང་དེ་ལྟར་འཁོད་ཡོད་དམ་ཞེས་དྲིས་པར་ཕོར་ཤི་ཡས་ཁྲིམས་ཡིག་གི་དོན་ཚན་དེ་ཁོ་ཚོར་མིག་སྟོན་བྱེད་དགོས་པའི་རེ་བ་བཏོན་པ་དེའི་ནང་དུ་ཁྲིམས་འགལ་གྱི་སྒོ་ནས་མི་གཞན་གྱི་ཁྲག་བཏོན་ན་དེའི་ཉེས་པར་རང་ཉིད་ཀྱི་མཁར་དབང་གཞུང་བཞེས་གཏོང་དགོས་ཞེས་འཁོད་ཡོད་ དུས་དེར་གྷ་ར་ཤི་ཡ་ནོས་ཤ་ཡེ་ལོག་ཕམ་ཉེས་བྱུང་བ་དེ་མཐོང་འཕྲལ་ཀུ་རེའི་སྒོ་ནས། ཀྱེ་་་ ཤེས་ལྡན་གྱི་ཁྲིམས་གཅོད་པ་ཚོ། གསོན་དང་འཇིའུ་ཚོ། ཁོང་ནི་དངོས་འབྲེལ་གྱི་ཁྲིམས་རྩོད་པ་ཞིག་ཡིན་འདུག་ཅེས་ཟེར་ནས་ཟུར་ཟ་དང་ཁྲེལ་རྒོད་བྱས། །
དེའི་སྐབས་སུ་ཤ་ཡེ་ལོག་གི་བསམ་པར་སྦ་ས་ནེ་འོས་ཁོ་པར་བུ་ལོན་གྱི་ལྡབ་གསུམ་སྤྲད་ཆོག་ཅེས་ཟེར་བ་དྲན་གསོས་ཏེ་མ་མཐར་ཡང་དངུལ་དེ་ལེན་དགོས་སྙམ་ནས་སྦ་ས་ནིའོར་ངས་ཁྱོད་ཀྱི་རེ་འབོད་དང་ལེན་བྱས་ཆོག  བུ་ལོན་གྱི་ལྡབ་གསུམ་དེ་འཇལ་ནས་ཁོ་འགྲོ་རུ་ཆུགས་ཞེས་བརྗོད། སྦ་ས་ནེ་འོ་ནི་ཨན་ཀྲོ་ནིའོ་སྲོག་ལས་ཐར་བར་དགའ་བ་ཚད་མེད་བྱུང་ནས་ལམ་སེང་ཤ་ཡེ་ལོག་ལ་གསེར་ཊམ་དེ་རྣམས་སྤྲད་པར་ཕོར་ཤི་ཡས་བཀག་འགོག་བྱས་ནས་ཤ་ཡེ་ལོག་རང་ཉིད་ལ་ཁྲིམས་ལུགས་གཞིར་བཟུང་གི་ཆད་པ་དེ་རང་གཅོད་དགོས་ཞེས་སྨྲས།  ད་ནི་བསམ་པ་ངན་པ་མི་ལ་བྱས་ན་བྱ་བ་རྩུབ་པོ་རང་ལ་འཁོར་ཟེར་བའི་དཔེ་བཞིན་ཤ་ཡེ་ལོག་གིས་ཐོག་མར་ཁྲིམས་དཔོན་ལ་ངེས་པར་དུ་ཁྲིམས་ལུགས་ཇི་མ་ཇི་བཞིན་ལག་བསྟར་དགོས་ཞེས་ཨུ་ཚུགས་ཐ་ནན་བྱས་པ་དེ་མཐར་རང་ཉིད་ཀྱི་མགོ་བོར་ལོག་པར་བརྟེན་གྷ་ར་ཤི་ཡ་ནོས། ཀྱེ་་་་་་ འཇིའུ་ཚོ།  དེ་ལྟ་བུའི་དྲང་ཞིང་འོས་པ་དང་ཁྲིམས་ལུགས་ལ་བྱང་ཆུབ་པའི་ཁྲིམས་དཔོན་ཞིག་ཟེར་ནས་ཆེད་མངགས་བཀྱག་བཀྱག་བྱས་ཏེ་སྐད་ཅོར་ཆེན་པོ་བརྒྱབ། །
དེ་ནས་ཕོར་ཤི་ཡས་ད་ཁྱོད་ཀྱིས་ཤ་ལྡིག་རྒྱ་མ་གང་པོ་དེ་ཆད་ལྷག་མེད་པ་ཞིག་ལོངས་ཤིག  འོན་ཀྱང་ཁྲག་ཐིགས་པ་གཅིག་ཟགས་མི་ཆོག  ཁྱོད་ཐེ་ཚོམ་བྱེད་དགོས་དོན་གང་ཡིན་ཞེས་བརྗོད་པར་ཤ་ཡེ་ལོག་གིས་ད་ནི་རང་གིས་གཡར་བའི་བུ་ལོན་དེ་རང་ཚུར་བྱུང་ན་འགྲིགས་སྙམ་ནས།  ངས་གཡར་བའི་བུ་ལོན་དེ་རང་ཚུར་སྤྲོད་རོགས།  ང་འགྲོ་རུ་ཆུགས་དང་ཞེས་བརྗོད་པར་སྦ་ས་ནེ་འོས་གསེར་ཊམ་སུམ་སྟོང་ཐམ་པ་འདིར་ཡོད་ཟེར་ནས་སྤྲོད་སྐབས་ཕོར་ཤི་ཡས་ད་ནང་ཁྲིམས་ཁང་དུ་ཁོ་ལ་བུ་ལོན་དེ་སྤྲད་ཀྱང་བླངས་མེད་པས་ད་ཆ་ཁོ་ལ་ངེས་པར་དུ་གན་རྒྱའི་ནང་གསལ་བ་ལྟར་གྱི་ཁྲིམས་གཅོད་དེ་རང་གཏོང་དགོས་ཞེས་བརྗོད། ཤ་ཡེ་ལོག་གིས་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ། ཁོ་པར་ཕན་འདོགས་སུ་ཆུགས་ཤིག་ཟེར་ནས་འགྲོ་གྲབས་བྱེད་སྐབས་ཕོར་ཤི་ཡས་ད་དུང་འཇིའུ་དེར་བློ་ཁ་ཚིམ་པའི་བཟོ་བལྟ་ཞིག་སྤྲད་ཟིན་མེད་པས་མོས། སྒུགས་ཤིག  ཁྲིམས་ཡིག་ནང་དུ་གལ་ཏེ་ཕྱི་རྒྱལ་བ་ཞིག་གིས་ཝེ་ནི་སིའི་གྲོང་མི་ཞིག་གསོད་རྒྱུའི་ལོག་གཡོ་བཅངས་པ་ཡིན་ན་མི་དེའི་མཁར་དབང་གི་ཕྱེད་འབབ་གྲོང་མི་དེར་སྤྲོད་དགོས་པ་དང། ཕྱེད་འབབ་ཅིག་ཤོས་དེ་རྒྱལ་ཁབ་ལ་སྤྲོད་དགོས་པ་མ་ཟད། ཁྲིམས་དཔོན་གྱིས་ད་དུང་འོས་ཤིང་འཚམ་པའི་ཁྲིམས་གཅོད་གང་འདྲ་ཞིག་བྱས་ཀྱང་འགྲིགས་ཞེས་འཁོད་ཡོད་སྟབས་ད་ནི་ཁྱོད་ཀྱིས་པུས་མོ་བཙུགས་ནས་ཁྲིམས་དཔོན་ལ་བྱམས་སྙིང་གནང་རོགས་ཞེས་ཞུ་བ་ཕུལ་ཅིག་ཅེས་བརྗོད། དེའི་གོང་ཙམ་ན་ཨན་ཀྲོ་ནིའོར་བྱམས་སྙིང་རྗེ་བྱེད་རོགས་ཞེས་མི་ཚོས་ཤ་ཡེ་ལོག་ལ་ཞུ་བ་མང་པོ་འཐེན་པ་དེ་ད་ཆ་མི་ངན་དེ་རང་གིས་རང་ཉིད་ལ་བྱམས་སྙིང་རྗེ་བྱེད་རོགས་ཞེས་མི་གཞན་ལ་ཞུ་བ་འབུལ་དགོས་བྱུང་བ་དེ་ལྟ་བུ་ནི་ཁོ་པའི་བློ་ཡུལ་དུ་ག་ལ་འཆར་སྲིད། འོན་ཀྱང་ཡེ་ཤུའི་ཆོས་ལུགས་པ་ཡིན་པའི་ཁྲིམས་དཔོན་དེ་ནི་དངུལ་བུན་གཏོང་མཁན་འཇིའུ་ལས་བྱམས་སེམས་ལྡན་པ་ཞིག་ཡིན་པས་ཤ་ཡེ་ལོག་ལ་ད་ནི་ཁྱོད་ཀྱིས་མི་གཞན་ལ་སྤྱོད་ཚུལ་འཛིན་སྟངས་དང་ང་ཚོས་མི་གཞན་ལ་སྤྱོད་ཚུལ་འཛིན་སྟངས་དབར་མི་འདྲ་བ་གང་འདུག་ལྟོས་དང། ཐོག་མར་ངས་ཁྱོད་ཀྱི་སྲོག་ལ་མི་སྡོ་བ་འགན་ལེན་བྱེད། འོན་ཀྱང་ཁྱོད་ཀྱི་མཁར་དབང་གི་ཕྱེད་ཀ་ཨན་ཀྲོ་ནིའོར་སྤྲོད་དགོས་པ་དང། ཕྱེད་ཀ་རྒྱལ་ཁབ་ནས་ལེན་རྒྱུ་ཡིན་ཞེས་བརྗོད་པར་སེམས་བཟང་ཅན་གྱི་ཚོང་པ་དེས་ཤ་ཡེ་ལོག་ལ་སྙིང་རྗེ་བལྟས་ནས་ཁྱོད་ཀྱིས་ང་ལ་མཁར་དངོས་ཀྱི་ཕྱེད་འབབ་དེ་སྤྲོད་མི་དགོས།  དེའི་ཚབ་ཏུ་ཁྱོད་རང་ཡེ་ཤུའི་ཆོས་ལུགས་པར་སྒྱུར་དགོས་ཟེར།  དེ་དང་དུས་མཚུངས་ཤ་ཡེ་ལོག་གིས་རང་ཉིད་ཀྱི་མཁར་དབང་ཡོངས་རྫོགས་རང་གི་བུ་མོ་ཅེ་སི་ཁ་དང་དེའི་ཁྱོ་ག་ལོ་རེན་རྫོ་ལ་སྤྲོད་རྒྱུའི་གན་རྒྱ་ཞིག་ལ་མིང་རྟགས་འགོད་དུ་བཅུག བུ་མོ་ཅེ་སི་ཁས་ཉེ་སྔོན་ལོ་རེན་རྫོ་ལ་གསང་སྟབས་ཀྱིས་གཉེན་སྒྲིག་བྱས་སྟབས་ཤ་ཡེ་ལོག་གིས་བུ་མོ་དེའི་རང་ཁྱིམ་གྱི་མཁར་དབང་ཤུལ་འཛིན་བྱེད་པའི་དབང་ཆ་འཕྲོག་པ་རེད། སྐབས་དེར་ཤ་ཡེ་ལོག་གིས་ཁྲིམས་ཁང་གི་བཀའ་དཔྱད་རྣམས་དང་ལེན་བྱེད་པ་ལས་གཞན་གྱི་སྤྲོས་པ་དང༌བྲལ་ནས་ཁོས་ང་བདེ་པོ་མི་འདུག ང་ནང་དུ་ལོག་ཆུགས་དང་་  གན་རྒྱ་དེ་རྗེས་སུ་བསྐུར་རོགས། ངས་དེར་ས་ཡིག་བཀོད་པས་ཆོག་ཅེས་ཟེར། དེ་ནས་ཁྲིམས་དཔོན་གྱིས་ཤ་ཡེ་ལོག་ནང་དུ་བསློགས་པ་དང། ཨན་ཀྲོ་ནིའོ་གློད་བཀྲོལ་བཏང་ནས་ཁྲིམས་ཁང་གྲོལ།  ཁྲིམས་གཅོད་བྱེད་རིང་མི་རྣམས་ཀྱིས་ཤེས་ལྡན་ཁྲིམས་པ་དེའི་གཞོན་ནུའི་ལང་ཚོ་དང་བློ་གྲོས་ལ་ཧ་ལས་ཤིང་ཡིད་སྨོན་པ་ཙམ་ལས། ཕོར་ཤི་ཡས་ལས་གོ་འཕེར་བའི་རྣམ་པ་དང། ལུས་ཀྱི་རྣམ་འགྱུར། སྐད་ཆ་ཤོད་སྟངས་སོགས་སྒོ་གང་ནས་བལྟས་ཀྱང་ཁྲིམས་རྩོད་པ་ཇི་མ་ཇི་བཞིན་དུ་བརྫུས་ཡོད་པས་སྦ་ས་ནེའོ་འམ་ཁོའི་གྲོགས་པོ་སུ་འདྲ་ཞིག་གིས་ཀྱང་ཁྲིམས་པ་དེ་ཕོར་ཤི་ཡ་ཡིན་པ་ནི་བསམ་ཡུལ་དུའང་མ་འཁོར། ཁྲིམས་ཁང་གྲོལ་རྗེས་སྦ་ས་ནིའོ་དང་ཨན་ཀྲོ་ནིའོས་གྱོད་གཞི་དག་སེལ་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུར༌བྲེལ་འཚབ་སྐྱེ་བཞིན་ཨན་ཀྲོ་ནིའོས་ཤ་ཡེ་ལོག་ལ་ཆད་པའི་བུ་ལོན་གསེར་ཊམ་སུམ་སྟོང་དེ་ཁྱེད་ཀྱིས་ལེན་རོགས་ཞེས་ཕོར་ཤི་ཡར་ནན་གྱིས་སྤྲད་ཀྱང་མོས་མ་བླངས།  ཡང་བསྐྱར་སྦ་ས་ནེ་འོས་ཕོར་ཤི་ཡ་ལ་བཀའ་དྲིན་གསོ་བའི་ཕྱིར་བསམ་པའི་མཚོན་བྱེད་གང་རུང་ཞིག་ལེན་རོགས་ཞེས་བརྗོད་སྐབས་ཕོར་ཤི་ཡས་རང་ཉིད་ཀྱི་ཁྱོ་གར་ཀུ་རེ་ཞིག་བྱེད་དགོས་སྙམ་ནས་ཁྱེད་ཀྱིས་ང་ལ་དེ་ལྟར་ཨུ་ཚུགས་བྱེད་ཀྱི་ཡོད་ན་ཁྱེད་ཀྱི་ལག་ཤུབས་དེ་ང་ལ་སྤྲོད་དང་ཞེས་བརྗོད། སྦ་ས་ནེ་འོས་ལག་ཤུབས་ཕུད་ནས་རང་གི་ལག་པ་སྟོན་སྐབས་ཕོར་ཤི་ཡས་ཁྱེད་ཀྱིས་ང་ལ་གཅེས་པའི་མཚོན་བྱེད་དུ་ལག་པའི་ཚིགས་ཁེབས་དེ་སྤྲོད་དང་ཞེས་ཟེར་དུས་སྦ་ས་ནེ་འོས་ལག་པ་ཕར་མི་འཐེན་ཀ་མེད་བྱུང་ཞིང་དེ་ནི་ཚིགས་ཁེབས་དེ་ཕོར་ཤི་ཡས་ཁོ་པ་དང་གཉེན་སྒྲིག་བྱེད་རྒྱུ་ཁས་ལེན་བྱེད་སྐབས་སྤྲད་པ་ཞིག་ཡིན་པ་དང།  ཚིགས་ཁེབས་དེ་དང་དུས་ནམ་ཡང་ཁ་མི་འབྲལ་རྒྱུའི་དམ་བཅའ་བཞག་ཡོད་པར་བརྟེན་ཐོག་མར་ཁོས་དེ་ནི་སྤྲོད་རིན་མེད་པའི་ལག་རྟགས་ཆུང་ངུ་ཞིག་ཡིན་པར་བསྙས་ནས་མ་སྤྲད། ཕོར་ཤི་ཡས་ད་དུང་ཨུ་ཚུགས་མཐའ་ནན་བྱས་སྟབས་ཁོས། ཚིགས་ཁེབས་དེ་ནི་རང་ཉིད་ཀྱི་བཟའ་ཟླས་སྤྲད་པ་ཞིག་ཡིན་པ་མ་ཟད། ཚིགས་ཁེབས་དེ་དང་དུས་ནམ་ཡིན་ཡང་ཁ་མི་འབྲལ་རྒྱུའི་ཁས་ལེན་བྱས་ཡོད་ལུགས་བཤད།  ཕོར་ཤི་ཡས་ཤོད་སྟངས་དེ་ནི་ཁྱོ་ག་ཚང་མས་གཞན་ལ་ལག་རྟགས་སྤྲོད་འདོད་མེད་སྐབས་ཁག་འདོགས་བྱེད་ཐབས་ཤིག་ཡིན་པ་ཙམ་ལས། དོན་དུ་ཁྱེད་ཀྱི་བཟའ་ཟླས་ང་ལ་ཚིགས་ཁེབས་དེ་སྤྲོད་འོས་ངེས་ཡིན་པ་ཤེས་རྗེས་ཁྱེད་ལ་ཁོང་ཁྲཱུ་མི་བྱེད་པ་ཐག་གིས་ཆོད་ཅེས་བརྗོད། །
   ཕོར་ཤི་ཡ་དང་དྲུང་ཡིག་ཏུ་བརྫུས་པའི་གཡོག་མོ་ནེ་རི་ས་ལོག་གྲབས་བྱེད་སྐབས་ཨན་ཀྲོ་ནིའོས་སྦ་ས་ནི་འོར་ཚིགས་ཁེབས་དེ་ཁྲིམས་རྩོད་པར་སྤྲོད་དགོས་པའི་ཁ་ཏ་བྱས། སྦ་ས་ནི་འོས་ཚིགས་ཁེབས་དེ་མ་སྤྲད་ན་རང་ཉིད་ཀྱིས་དྲིན་ལན་མ་བསམ་པ་ཞིག་ཏུ་སོང་དྭོགས་ཀྱིས་ཚིགས་ཁེབས་དེ་ཁྲིམས་རྩོད་པར་སྤྲད། དུས་དེར་དྲུང་ཡིག་གིས་ཀྱང་གྷ་ར་ཤི་ཡ་ནོར་ཚིགས་ཁེབས་དེ་སྤྲོད་དགོས་ཞེས་བརྗོད། དེ་ནས་ཁོ་ཚོ་གྲོང་ཁྱེར་ཝེ་ནི་སི་ནས་ཐོན་རྗེས་ཕོར་ཤི་ཡ་དང་ནེ་རི་ས་གཉིས་ཀྱིས་ཁོ་ཚོའི་ཁྱོ་ག་གཉིས་མ་འབྱོར་གོང་དུ་གྲོང་ཁྱེར་སྦེལ་མོན་ཀྲེར་སྔོན་ལ་སླེབས་པ་བྱས་ནས་ལམ་སེང་ཁོ་གཉིས་ཀྱི་རྫུན་ཆས་རྣམས་ཕུད་དེ་སོ་སཱུའི་ཁྱོ་ག་ཡོང་རྒྱུར་སྒུག་ནས་བསྡད། ཡུན་རིང་མ་སོང་བར་སྦ་ས་ནེ་འོ་དང་གྷ་ར་ཤི་ཡ་ནོ་གཉིས་ཨན་ཀྲོ་ནིའོ་དང་མཉམ་དུ་འབྱོར་ནས་ཁོ་ཚོའི་བཟའ་ཟླ་དང་འཕྲད་རྗེས་ཐོག་མར་སྦ་ས་ནེ་འོས་ཨན་ཀྲོ་ནིའོ་ངོ་སྤྲོད་བྱས་ཏེ། འདི་ནི་རང་ཉིད་ལ་ལྷག་པར་དུ་དྲིན་ཆེ་བའི་གྲོགས་པོ་ཨན་ཀྲོ་ནིའོ་རེད་ཅེས་ཟེར།  ཕོར་ཤི་ཡས་ཨན་ཀྲོ་ནིའོར་ཁང་པ་ཞིག་ཏུ་དགའ་བསུ་བྱེད་སྐབས་གྷ་ར་ཤི་ཡ་ནོ་དང་གཡོག་མོ་ནེ་རི་ས་གཉིས་ཟུར་ཁུག་ཅིག་ཏུ་ཁ་རྩོད་བྱེད་ཀྱིན་བསྡད་པ་མཐོང། ཕོར་ཤི་ཡས་ཁོ་གཉིས་ལ། ད་ལྟ་ནས་ཁ་རྩོད་འགོ་ཚུགས་ཚར་བ་ཨེ་རེད། དོན་གང་ཡིན་ནམ་ཞེས་དྲིས།  གྷ་ར་ཤི་ཡ་ནོས་རང་ཉིད་ལ་ནེ་རི་སས་སྤྲད་པའི་ཚིགས་ཁེབས་དཀྱུས་མ་དེའི་དོན་ཡིན། ཚིགས་ཁེབས་དེའི་ཐོག་ཏུ་ང་ལ་གཅེས་དགོས་པ་ལས་ང་འཇོག་མི་རུང་ཞེས་པའི་ཡི་གེ་བརྐོས་འདུག་ཅེས་འགྲེལ་བཤད་བྱས། ནེ་རི་སས་ངས་ཚིགས་ཁེབས་དེ་རིན་ཐང་ཆེ་བའི་རྐྱེན་པས་རྙོག་དྲ་བཤད་པ་ཞིག་མིན་ ཚིགས་ཁེབས་དེ་ངས་ཁོ་པར་སྤྲོད་དུས་ཚིགས་ཁེབས་དེ་དང་ཁ་མི་འབྲལ་བ་བྱེད་རྒྱུའི་དམ་བཅའ་བཞག་ཡོད་རུང་ད་ནི་ཁྲིམས་རྩོད་པ་ཞིག་གི་དྲུང་ཡིག་ལ་སྤྲད་ཟིན་འདུག ཁོས་དེ་ལྟ་བུའི་དམ་བཅའ་དང་འགལ་བ་བྱེད་མི་ཉན་ཞེས་ལན་བཏབས། ཕོར་ཤི་ཡས་ཀྱང་རང་ཉིད་ཀྱི་ཁྱོ་གར་ཀུ་རེ་བྱེད་བསམ་ནས་གྷ་ར་ཤི་ཡ་ནོས་དེ་ལྟ་བུར་རང་ཉིད་ཀྱི་བཟའ་ཟླས་སྤྲད་པའི་ལག་རྟགས་དང་པོ་དེ་རང་འགར་སྤྲད་པ་ནི་མ་འགྲིགས་པ་ལོས་ཡིན།  ངས་ཀྱང་རང་གི་ཁྱོ་གར་དེ་ལྟར་དུ་ཚིགས་ཁེབས་ཤིག་སྤྲད་ནས་ཁོང་ལ་དེ་དང་དུས་ནམ་ཡིན་ཡང་ཁ་མི་འབྲལ་བ་དགོས་རྒྱུའི་དམ་བཅའ་འཇོག་ཏུ་བཅུག་ཡོད།  གལ་ཏེ་ཁོང་གིས་ཚིགས་ཁེབ་དེ་དང་ཁ༌བྲལ་འདུག་ན་ངས་ཀྱང་ཁོང་ལ་ཁོང་ཁྲོ་ཆེན་པོ་བྱེད་འོས་པ་ཞིག་ཡིན་ཞེས་བརྗོད་པར་གྷ་ར་ཤི་ཡ་ནོས་དཀོན་མཆོག་མཁྱེན། སྦ་ས་ནེ་འོས་ཀྱང་རང་གི་ཚིགས་ཁེབས་དེ་ཁྲིམས་རྩོད་པ་ཞིག་ལ་སྤྲད་སོང། དེ་རྗེས་ཁོང་གི་དྲུང་ཡིག་དེས་ཀྱང་ངའི་ཚིགས་ཁེབས་དེ་དགོས་ཟེར་ནས་འཁུར་སོང་ཞེས་སྨྲས། སྐབས་དེར་ཕོར་ཤི་ཡས་རང་གི་ཁྱོ་གར་ཁྲོ་བའི་རྣམ་པ་བསྟན་ནས་ཚིགས་ཁེབས་ག་འདྲ་ཞིག་སྤྲད་པ་ཡིན་ནམ། ངས་ཁྱོད་ལ་སྤྲད་པའི་ཚིགས་ཁེབས་དེ་གང་ན་ཡོད་ཅེས་བརྗོད།  སྦ་ས་ནེ་འོས་རང་གི་བཟའ་ཟླས་ཁྲོ་ཉམས་བསྟན་པར་ཡིད་རབ་ཏུ་གདུང་ནས་རང་གནོང་ངོས་ལེན་ལྟ་བུས་ཚིགས་ཁེབས་དེ་རང་གི་འདོད་པ་དང་འགལ་བཞིན་དུ་སྤྲོད་དགོས་བྱུང་བའི་ལོ་རྒྱུས་དང། མི་སུ་འདྲ་ཞིག་ལ་སྤྲད་པ།  གང་གི་དོན་དུ་སྤྲད་པ་བཅས་ཁྱོད་ཀྱིས་གསལ་པོ་ཤེས་ན་བློ་དྭོགས་དྭངས་ངེས་ཡིན་ཞེས་བཤད་ཀྱང། ད་དུང་ཕོར་ཤི་ཡས་བུད་མེད་ཅིག་གིས་ཁྱོད་ཀྱི་ཚིགས་ཁེབས་དེ་བླངས་པ་ཐག་གིས་ཆོད་ཟེར་ནས་ཁྲོ་བའི་རྣམ་པ་བསྟན་ཁུལ་བྱས་  དེ་ནས་སྦ་སྭ་ནེའོའི་བསམ་པར་རང་ཉིད་ཀྱི་བཟའ་ཟླ་དེ་དངོས་འབྲེལ་སེམས་པ་ཕངས་འདུག་སྙམ་ནས་ཚིགས་ཁེབས་དེ་རང་གི་གྲོགས་པོ་ཨན་ཀྲོ་ནིའོའི་སྲོག་བསྐྱབས་པའི་དྲིན་ལན་གསོབ་ཕྱིར་ཁྲིམས་རྩོད་པ་ཞིག་ལ་སྤྲད་པ་ཡིན་ཞེས་གསལ་པོར་བཤད་པ་དང་སྦྲགས་གལ་ཏེ་ཁྱོད་ཁྲིམས་ཁང་དེར་ང་ཚོ་མཉམ་དུ་ཡོད་ན་ཁྱོད་ཀྱིས་ཀྱང་ཚིགས་ཁེབས་དེ་ཁོང་ལ་སྤྲོད་རོགས་ཞེས་ང་ལ་ཁ་ཏ་བྱེད་ངེས་ཡིན་ཞེས་བརྗོད། སྐབས་དེར་ཨན་ཀྲོ་ནིའོས་སེམས་ཕམ་བཞིན་པར་གལ་ཏེ་ངས་ཤ་ཡེ་ལོག་ལ་གན་རྒྱ་དེ་ལྟ་བུ་ཞིག་བཞག་མེད་ན་ཚིགས་ཁེབས་སྤྲོད་པའི་གནད་དོན་དེ་ཡོང་མི་སྲིད། ང་ནི་རྩོད་གཞི་དེ་ཚོའི་འབྱུང་རྐྱེན་ཡིན་པ་ནི་དེ་སྔ་ངས་ཁྱེད་ཀྱི་ཁྱོ་གའི་བུ་ལོན་ཞིག་གི་ཆེད་དུ་རང་སྲོག་འདོར་རྒྱུར་ཁས་བླངས་པ་ཡིན། འོན་ཀྱང་ད་ཆ་ངའི་དོན་དུ་ཚིགས་ཁེབས་དེ་སྤྲོད་དགོས་བྱུང་སྟབས་ད་ནི་རང་ཉིད་སྲོག་དང༌བྲལ་ན་ལེགས། ཁྱོད་ཁྱོ་ཤུག་གཉིས་དབར་དམ་ཚིག་བསྲེས་ལྷད་མི་འབྱུང་ཆེད་ངས་རང་ཉིད་ཀྱི་སྲོག་འབེན་འཛུགས་བྱེད་རྒྱུ་ཡིན་ཞེས་བརྗོད། སྐབས་དེར་ཕོར་ཤི་ཡས་གནད་དོན་དེ་ལྟ་བུའི་ཛ་དྲག་ཏུ་རྩི་མི་དགོས།  དེའི་ཐོག་ནས་ཁྱོད་ཉིད་ངའི་ཁྱོ་བཱུའི་ལྷག་བསམ་གྱི་དཔང་རྟགས་ཤིག་ཏུ་བརྩི་རྒྱུ་ཡིན་ཞེས་བརྗོད། དེ་ནས་ཕོར་ཤི་ཡས་རང་གི་དངུལ་ཁུག་ནང་ནས་ཚིགས་ཁེབས་ཤིག་བཏོན་ནས་འདི་ན་ད་དུང་ཚིགས་ཁེབས་གཅིག་ཡོད། ཁོང་ལ་འདི་སྤྲད་ནས་དེ་སྔའི་ཚིགས་ཁེབས་དེ་ལས་ཀྱང་གཅེས་པ་བྱེད་དགོས་ཞེས་གསུངས་རོགས་གནང་ཟེར་བ་ལྟར་ཨན་ཀྲོ་ནིའོས་ཚིགས་ཁེབས་དེ་སྦ་ས་ནེ་འོར་སྤྲད། སྦ་ས་ནེ་འོས་ཚིགས་ཁེབས་དེ་ནི་རང་གིས་ཁྲིམས་རྩོད་པར་སྤྲད་པའི་ཚིགས་ཁེབས་དེ་རང་ཡིན་པ་ཤེས་ནས་ཡ་མཚན་ལྷག་པར་སྐྱེས་ དེ་ནས་ཕོར་ཤི་ཡས་རང་ཉིད་ཀྱི་ཁྱོ་གར་པཎྜི་ཏ་སྦེ་ལ་རི་འོས་བཏང་བའི་ཡི་གེ་དེ་མིག་སྟོན་བྱས་པར་བརྟེན་ཤེས་ལྡན་ཁྲིམས་རྩོད་པ་དེ་ནི་རང་ཉིད་ཀྱི་བཟའ་ཟླ་ཕོར་ཤི་ཡ་ཡིན་པ་ལས་གཞན་སུ་ཡང་མིན་པ་ཡིད་ཆེས་ངེས་རྙེད་བྱུང་བས་ཕོར་ཤི་ཡའི་ཁོང་ཁྲཱུའི་རྣམ་པ་དེ་ནི་ཀུ་རེ་ཙམ་ཡིན་པར་ཤེས་ནས་དགའ་སྤྲོ་ཚད་མེད་བྱུང་བ་མ་ཟད་ དེ་བས་དགའ་འོས་པ་ཞིག་ལ་རང་གི་བཟའ་ཟླའི་སྙིང་སྟོབས་དང་བློ་གྲོས་ལ་བརྟེན་ནས་རང་གི་གྲོགས་མཆོག་དམ་པ་ཨན་ཀྲོ་ནིའོའི་སྲོག་བསྐྱབས་ཐུབ་པ་བྱུང་བ་དེར་བསམ་བཞིན་བསམ་བཞིན་དགའ་བ་ལྷག་པར་འཕེལ། ད་དུང་གཏམ་བཟང་གཞན་ཞིག་ཁྱབ་ཡོང་བ་ནི་ཕོར་ཤི་ཡས་ཚོང་པ་ཨན་ཀྲོ་ནིའོའི་མིང་ཐོག་འབྱོར་མ་ཐག་པའི་ཡི་གེ་ཞིག་སྤྲད་པ་དེའི་ནང་སྐབས་ཤིག་རིང་གར་སོང་ཆ་མེད་དུ་གྱུར་པའི་ཨན་ཀྲོ་ནིའོའི་ཚོང་གྲུ་རྣམས་ད་ཆ་རིན་ཐང་ཆེ་བའི་ཚོང་ཟོག་གིས་བྱུར་བུར་བཀང་ནས་འབྱོར་ལུགས་འཁོད་པ་ལྟར་ཨན་ཀྲོ་ནིའོ་ནི་སླར་ཡང་རྒྱུ་ནོར་གྱིས་རབ་ཏུ་ཕྱུག་པར་གྱུར།
མཚམས་འདིར་ཝེ་ནི་སིའི་ཚོང་པ་ཞེས་པའི་ཡ་མཚན་ཆེ་བའི་སྒྲུང་གཏམ་དེ་མཇུག་འགྲིལ་ཞིང། ཚོང་པ་ཨན་ཀྲོ་ནིའོར་གཏམ་བཟང་འབྱོར་བའི་དགའ་སྤྲཱུའི་རྣམ་པ་དང། ཁྱོ་ཤུག་དབར་ཚིགས་ཁེབས་ཀྱི་གནད་དོན་སྐོར་ཀུ་རེའི་ཚོད་བགམ་བྱས་ལུགས་སོགས་བཞད་གད་ལོང་ལོང་གི་ཁྲོད་དུ་གྷ་ར་ཤི་ཡ་ནོས་ངའི་དགའ་གྲོགས་ནེ་རི་སས་སྤྲད་པའི་ཚིགས་ཁེབས་འདི་ཉར་ཚགས་བྱེད་རྒྱུ་དེ་ལས་དཀའ་ངལ་ཆེ་བའི་ལས་ཀ་ཞིག་ངའི་མི་ཚེ་འདིར་ཡོང་མ་མྱོང་ཞེས་བརྗོད་དོ། །

རྩོམ་སྒྲིག་པའི་གཏམ།
ཝེ་ནི་སིའི་ཚོང་པ། (དུམ་ཚན་དང་པོ)

སྔོན་མ།
ཝེ་ནི་སིའི་ཚོང་པ། (དུམ་ཚན་དང་པོ)
ཕྱི་མ།
ཤེས་རིག་དཔར་ཁང་ནས་དམིགས་བསལ་དཔེ་དེབ་ཆག་ཡང་གསལ་བསྒྲགས།
Menu