ཟླ་རེའི་གསར་འགྱུར།

འཇང་གླིང་གཡུལ་འགྱེད།(ཚན་པ་གསུམ་པ)

དེ་ནས་འབྲོང་བཤོལ་མི་ཀྱང་ཐད་ཐད་ནས་སླེབས། ཁྲོ་ཐུང་གི་བསམ་པར་ང་རང་དོན་མེད་པར་ཁུང་དུ་འཛུལ། གུང་པའི་རྟ་དེ་ཡང་འབྲོང་ལ་ཤོར་བའི་རྐྱེན་འདྲ་ཞིག་བྱུང་བས་གླིང་དམག་ནང་དུ་ཁ་སྐྱེངས་པས།  ཟེར་རྒྱུ་ཨེན་ཙམ་མེད་ན་མི་ཡོང་བསམས་ནས། འཕྱི་བ་གཉན་པོ་ཞིག་ཁུང་དེ་ཁའི་ནང་ནས་བཟུང་ཞིང་ཁྱེར་ནས་གླིང་པ་ཚོགས་པའི་དཀྱིལ་དུ་གླུ་ཐུང་ཐུང་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་ལེན་པ་དགུང་སྔོན་དབྱིངས་ནས་ལེན། །མཐོན་པོའི་དབྱིངས་ནས་མི་ལེན་རྒྱུ། །དགྲ་གནམ་ལ་འཕུར་ན་གནམ་ནས་འགུགས། །གཤོག་ཐོག་མ་བཞི་ཁྲོ་ཐུང་རེད། །རྩལ་ཆེན་མ་བཞི་ཁྲོ་ཐུང་རེད། །སྡེར་ཐོག་མ་བཞི་ཁྲོ་ཐུང་རེད། །གསོན་དང་ཚོ་ཆེན་ལྷ་སྡེ་རྣམས། །མ་བཞིའི་དཔོན་པོ་ཁྲོ་ཐུང་རེད། །རྒོད་པོའི་མིང་ཅིག་མ་གྲགས་ཏེ། །རྒོད་རྟགས་དཔའ་ཁ་རིམ་བྱུང་རེད། །དར་སེང་དཀར་མོའི་སྐྱེ་ཡག་དེ། །གཞན་ལ་མཚར་བ་ཆ་མཆིས་ཀྱང༌། །གང་བྱུང་མི་ཡིས་མི་མཐོང་འདུག །དཔེ་དེ་དང་གླིང་དཀར་མི་དྲག་འདྲ། །རྒོད་དབྱེར་ཆེ་བ་མ་གཏོགས་པ། །དོན་ལག་ཏུ་ཁེལ་བ་དེ་ཙམ་རེད། །གཡོག་ཕྲུག་ལག་གི་ཡག་པ་དེ། །ངོ་སྐལ་མཚུངས་པ་ཆ་མཆིས་ཀྱང༌། །གར་དགོས་ས་ལ་ཁྲོབ་སེ་ཡོང༌། །དེ་དང་མ་བཞི་ཁྲོ་རྒྱལ་འདྲ། །ངེད་རང་གླིང་དཀར་དཔའ་རྟུལ་རྣམས། །མ་བསྡད་འབྲོང་ལུང་བཤོལ་དུ་སོང༌། །དཔའ་མོ་ཨ་སྟག་ཀླུ་མོ་ཡིས། །ཟངས་རྭ་ཐོགས་པའི་གཡག་གུ་ཞིག །སྡུག་ཐག་མདའ་ཡིས་བསད་ནི་ཐལ། །ངོམས་རྒྱུ་ཅུང་ཙམ་དེ་ལ་ཡོད། །ཕྱི་ལྟར་སེམས་ཅན་འཕྱི་བའི་ལུས། །ནང་དུ་བདུད་ཀྱི་བླ་གནས་ཚང༌། །དོན་དུ་རྟེན་འབྲེལ་ཕུན་སུམ་ཚོགས། །ད་ལྟ་ཨ་ཁུའི་ལག་ན་ཡོད། །གཟིགས་དང་གླིང་དཀར་ལྷ་སྡེ་རྣམས། །དཔའ་ཁ་གཟེངས་བསྟོད་ང་ལ་གྱིས། །དྲིན་ཅན་ཟེར་ན་ཨ་ཁུ་ཡིན། །
ཞེས་ཟེར་ཞིང་གླུ་དེ་ལྟར་བླངས་སོ། །རྗེ་བློན་རྣམས་ཅི་ཡང་མི་གསུང་ཐམས་ཅད་ཞལ་འཛུམ་འཛུམ་མཛད། སྲས་དགྲ་ལྷ་རྩེ་རྒྱལ་གྱིས་གསུངས་པ། འོ་ལགས་སོ། ཨ་ཁུའི་དཔའ་ཁ་དེ་བྱུང་རྟེན་འབྲེལ་བཟང་བཟང༌། མི་རྒན་གྱི་ཁ་ཡིན་པས་གཡང་ཆགས། ད་མར་བཞུགས་དཔའ་སྟེར་དང་གཟེངས་བསྟོད་ངེད་ནས་བྱེད་གསུངས་གླུ་འདི་བླངས་སོ། །
གླུ་ཨ་ལ་ཐ་ལ་ལ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །དེ་རིང་ཉི་མའི་གདོང་གང་ལ། །དཔའ་ལའི་མི་སྤྱང་དཀར་པོ་དང༌། །དཔའ་མོ་ཨ་སྟག་ཀླུ་མོ་གཉིས། །མ་བཞིའི་དཔོན་པོ་ཁྲོ་ཐུང་གསུམ། །དཔའ་ཁ་ཡོད་པ་འདྲ་འདྲ་རེད། །ཕྱི་ལྟར་དཔའ་ཁ་མཉམ་སྟེར་བྱེད། །དོན་དུ་གཟེངས་བསྟོད་ཁ་མཁས་ལ། །འཇང་ཕྲུག་བཀྲ་ཤིས་བསོད་ནམས་ཀྱིས། །རྟ་ཁྲབ་འཁོར་གསུམ་མ་ཉམས་པ། །དཔའ་ལ་རང་གི་དཔའ་དར་བྱེད། །བྱུར་ལྷའི་བླ་འབྲོང་ཟངས་རྭ་ཅན། །ཤ་ཀོ་གྲུ་གཅིག་མ་ཉམས་པ། །དཔའ་མོ་རང་གི་དཔའ་དར་བྱེད། །གསེར་ཕྱེ་སེར་པོ་གསེར་ལས་ལྷག །ཡུ་རྩེ་ཙམ་ཞིག་མ་ཉམས་པ། །ཨ་ཁུ་རང་གི་དཔའ་དར་བྱེད། །དེ་ནས་གླིང་དཀར་དཔའ་རྟུལ་རྣམས།  །ས་ཐམ་འཇང་གི་གཞི་སྐྱེམས་ནས། །དེ་རིང་སོ་ལམ་སྔོན་རྒྱུག་དེ། །ཚངས་པ་དཀར་པོའི་སྐུ་དྲིན་གྱིས། །མགོ་འཁོར་སྒར་ལ་བརྫངས་ལེ་རེད། །མི་གཉིས་མིན་པ་ཐམས་ཅད་བསད། །གཞིས་བཞུགས་ངོད་ཀྱི་དཔའ་ཁ་རེད། །དེ་ནས་འཇང་ཕྲུག་མི་གཉིས་ལ། །གླིང་མོ་ཞིབ་རྒྱས་བྱས་པ་ཡིན། །ང་རང་འབུམ་པའི་དགྲ་ལྷ་ལ། །གྲོས་ཡ་བཀའ་བློན་འདན་མ་དང༌། །ཨ་ཀུ་ག་ནེ་གོམས་པ་གཉིས། །འབུམ་དམག་གཅིག་གི་འཁོར་དང་བཅས། །རི་ཐང་མཚམས་ནས་ཤར་ན་བསམས། །འབུམ་དམག་གཅིག་གི་འཁོར་དང་བཅས། །ཐང་གཞུང་རྒྱུད་ནས་སོང་ན་བསམ། ། མ་བཞིའི་དཔོན་པོ་ཁྲོ་ཐུང་ལ། །གྲོས་ཡ་དཔའ་མོ་ཨ་སྟག་དང༌། །གུང་པ་བུ་ཡི་ཁྲ་སྐྱ་གཉིས། །འབུམ་དམག་གཅིག་གི་འཁོར་དང་བཅས། །རི་ཐང་མཚམས་ནས་ཤར་ན་བསམ། །འབུམ་དམག་བཞི་ཡི་ཁོང་སེང་ནས། །འཇང་མི་དཔུང་དམག་གང་ཡོད་དེ། །གཅིག་མེད་ཁྲག་ལ་བསྲེས་ན་བསམ། །མུ་སྤྱང་རིན་ཆེན་དར་ལུ་ལ། །གྲོས་ཡ་སྐྱ་ལོའི་འབྲུག་རྒྱལ་དང༌། །དཀར་རུ་ཉི་མ་རྒྱལ་མཚན་དང༌། །ནག་རུ་ཐར་པ་རྒྱལ་མཚན་གཉིས། །གཞིས་བཞུགས་མགོ་འཛིན་བྱས་ན་བསམས། །འདྲ་ཨེ་གདའ་གླིང་དཀར་ལྷ་སྡེ་རྣམས། །
ཞེས་གསུངས་པས་ཐམས་ཅད་དགྲ་ལྷས་གསུངས་པ་ལྟར་བློ་མཐུན། ནམ་ཕྱེད་མ་ཟིན་ཙམ་དུ་གོང་མངག་གི་དམག་རྣམས་རང་རང་གི་ཤོག་དང་བཅས་མཚན་བཤར་བརྒྱབ་ཅིང་འཇང་དམག་ཡོད་པའི་ས་དེར་སླེབས།  ནམ་ལངས་པ་དང༌། ཤར་ཕྱོགས་སུ་དགྲ་ལྷའི་ཤོག་དང༌། བྱང་ཕྱོགས་སུ་འོམ་བུའི་ཤོག ནུབ་ཕྱོགས་སུ་ཉི་འབུམ་གྱི་ཤོག ལྷོ་ཕྱོགས་སུ་ཁྲོ་ཐུང་གི་ཤོག་བཅས་ཀྱིས་ཨ་ལོང་ལྟར་བསྐོར་ཞིང་འཇང་རྟ་ཕལ་ཆེར་གླིང་ལ་ཐོབ། འཇང་མི་རྣམས་ཀྱིས་བལྟས་པས་ཕྱོགས་བཞིར་དམག་གིས་རུ་དར་རྟ་ཡི་རྨིག་སྒྲ་བཅས་མི་སྐད་ཀྱིས་ཁེངས་ཏེ་བལྟ་མི་ཕོད་པ་འདུག་པས། དུག་ཕྲུག་ལྷའུ་སིལ་སིལ་དེ་རྟ་སེར་པོ་དཔུང་ནག་པོའི་སྟེང་དུ་ཐོན་ནས་སྟོང་འཇུག་དང་གཏམ་ལེན་ཅི་ཡང་མེད་པར་བྱང་ཕྱོགས་ཀྱི་སྒར་སྣེ་ནས་ཐོན། ངར་གྱིས་ཁ་ལོ་ལ་དཔའ་ལིང་དཔའ་བོ་ཅིང་ཧྲིལ་གྱིས་གཤག་པས། གླིང་དམག་རྣམས་ཀྱིས་མཚོན་ཆ་འདེབས་ཚོད་མ་ཤེས་པར་འཁྲུག་འཁྲུག་ལོང་ལོང་དཀྲུགས་ནས་མཚོན་མང་དུ་སྡིག་རུང་གླིང་ལྷ་བཟང་བས་སྐྱོན་མ་བྱུང༌། སླར་ཁོ་རང་གི་སྒར་དུ་ལོག དེའི་རྗེས་སེང་ལྕམ་ལྷའུ་ཐོག་འགྱུར་དེ་རྟ་དགུ་ཆིག་སྐྱ་རིང་གི་སྟེང་དུ་ཐོན་ས་ཤར་ཕྱོགས་ཀྱི་དམག་རྣམས་གཤོར་རྩིས་ཀྱིས་རྒྱང་ངེར་བྱུང་བས་འདན་མས་གདོང་བཀག་པས་ཁོས་རྟ་ཁ་འཐེན་ཡོབ་རྒྱང་ཞིང༌། གཡའ་ཁོ་རེ་སྔོན་པོ་གཡབ་ཁྱོད་དང་ང་གཉིས་ཕོ་སུ་རེད་ཀྱི་ཚད་ཅིག་བལྟ་ཟེར་ཅིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་ལེན་པ་གནམ་ཐེལ་མདུན་ནས་ལེན། །དཀར་པོ་ལྷ་ཡི་དབུ་འཕང་བསྟོད། །མི་ཐུབ་དགྲ་བོ་ཆམ་ལ་ཕོབས། །ས་ཐམ་སྐུ་བྱུས་བརྟན་པར་ཤོག  །ས་འདི་ས་ངོ་མ་ཤེས་ན། །ཉི་མ་ཞུད་ཀྱི་རྒྱབ་ཕྱོགས་རེད། །རྟ་བྲོ་རིང་མོའི་ཐང་ཆེན་རེད། །ང་དང་ང་ངོ་མ་ཤེས་ན། །རྨུ་རྗེ་ས་ཐམ་རྒྱལ་པོ་ཡི། །སྐྱིད་ན་ཡའུ་བྱེད་མི་དང༌། །སྡུག་ན་གྲོགས་པོ་བྱེད་མི་རུང༌། །སེང་ལྕམ་ལྷའི་ཐོག་འགྱུར་ཟེར། །དེ་ནས་ཉོན་དང་སྔོན་པོ་གཡབ། །ལས་དམག་ས་ལ་མི་ཤོང་འདི། །ས་ཕྱོགས་གང་ནས་དྲངས་ལེ་ཡིན། །དམག་དཔོན་སུ་འདྲ་ཡོད་ལེ་ཡིན། །གཏམ་དང་ཉག་ཕྲན་དྲང་ན་དགའ། །དྲང་བ་དགའ་བས་དྲང་གཏམ་གྱིས། །ལམ་དང་གཞུ་མོ་འཁྱོག་ན་དགའ། །འཁྱོག་ན་དགའ་བས་འཁྱོག་དེར་འགྲོ། །ཨེ་ཡིན་མ་ཡིན་དྲང་པོར་ཤོད། །
ཅེས་ཟེར་ཞིང་གླུ་དེ་ལྟར་བླངས། རྟ་ཁ་འཐེན་གཞུ་སྟེང་དུ་མདའ་བཞག་ཁོ་ཡིས་གཏམ་ལན་ཞིག་ཡོད་འགྲོ་དེ་ཉན། དེ་ནས་མདའ་ཞིག་གིས་སྣེ་ལ་གཏོང་བསམ་བསྡད་པས། འདན་མས་དེ་ལན་དུ་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །དེ་ནས་ཉོན་དང་དཀར་པོ་སྐྱ། །ཁྱོད་རང་ཟེར་ཟེར་དེ་རང་རེད། །གཏམ་དང་ཉག་ཕྲན་དྲང་ན་དགའ། །དྲང་གཏམ་ཨ་ཕོའི་ངག་ནས་འཆད། །ཁྱོད་རང་ཟེར་བའི་དམག་དཔོན་གསུམ། །མི་ཤ་གར་བགོས་ཤོད་དགོས་མེད། །མངགས་པའི་ས་དེ་ག་ན་ཡིན། །མི་ཤ་དེ་རུ་བགོས་ལེ་རེད། །ལས་དམག་ས་ལ་མི་ཤོང་འདི། །རྨུ་རྗེ་ས་ཐམ་རྒྱལ་པོ་ཡི། །བོས་པའི་དགྲ་དེ་སུ་འདྲ་ཡིན། །དེ་འདྲའི་ལས་དམག་སླེབས་ལེ་རེད། །འཆད་དགོས་ཤོད་དགོས་གང་ཡང་མེད། །ཁྱོད་རང་སེམས་ལ་ཝ་ལེ་ཡོད། །ཁྱོད་ལས་དམག་ཨ་ལོང་བསྐོར་ལེ་རེད། །ཉི་མ་དེ་རིང་ཕན་སྟབས་སུ། །གོམ་གང་བྲོས་དབང་ཁག་པོ་ཡོད། །ད་རུང་དེས་ཀྱང་མ་ཚད་པའི། །འཇང་ཡུལ་ལུང་པ་ཁྲ་མོ་རུ། །རྟ་དང་སྒར་གྱིས་གང་རྒྱུ་ཡིན། །སེང་ལྕམ་ལྷའུ་ཐོག་འགྱུར་ཁྱོད། །ཐོག་འགྱུར་མིང་དུ་ཆགས་སོ་ཟེར། །འགྱུར་དུ་ཨེ་འདུག་དེ་རིང་བལྟ། །ཚེ་ཟད་ཅིག་གི་འཆི་ལུགས་ལ། །འབུལ་ཐག་ཆོད་སྔོན་མོའི་མཚོན་འཁོར་འབུལ། །ཤེས་ན་བླ་མ་གང་བཟང་བསྒོམ། །མ་ཤེས་མ་ཎི་པདྨེ་བགྲོངས། །
ཅེས་ཟེར་ཞིང་མདའ་ཞིག་བསྲིངས་པས་འདན་མའི་མདའ་དེས་བྲག་རྡོ་རྗེ་ཡིན་ཀྱང་མི་འཐོར་མི་སྲིད་ཀྱང༌། ཁོ་ལ་ཐེ་རང་གི་གོ་དགུ་བཅུ་བྲན་པ་གཅིག་མ་ཆོད། ཁོས་ཀྱང་མདའ་འཕངས་པས་འདན་མའི་ཁྲབ་དེ་སློག་རུལ་ལྟར་འཐོར་ཞིང་ནང་དུ་མཚོན་སྲུང་གིས་མཐུས་ལུས་ལ་མདའ་རྨས་མ་བྱུང་བར། དེར་ཁོ་ཡི་བསམ་པར་སྐད་ཅིག་ལ་འཁྱེར་བསམ་སྦར་མོ་གདངས་ཞིང་རྒྱུག་པས། འདན་མས་ཀྱང་ངེས་པར་འཁྱེར་བསམ་ནས་མདའ་གྲི་སོགས་གང་ཡང་མ་བྱས་པར་རྒྱུག་པས། གཉིས་ཀ་ལུག་གདོང་སྤྲད་པ་ལྟར་ཐུག་ནས་གཅིག་ལ་གཅིག་གིས་འཇུས་པའི་ངང་ནས་འདྲེད་མ་འགྱེལ་གཉིས་ཀ་རྟ་ཐོག་ནས་ལྷུང་ཞིང་འཐབ་པའི་སྐབས། སྲས་དགྲ་ལྷ་རྩེ་རྒྱལ་གྱིས་ཆིབས་དཀར་འཇམ་ཡ་མེད་ཁ་སྤྲུགས་ཤིང་རྒྱུག་ནས་ཁོ་ལ་གྲི་བསག་གསུམ་བརྒྱབ་པས་ཐེ་རང་གིས་གོ་མ་ཕེད། ཡང་གྲི་ཡ་ཟི་སྐར་ཕྲན་ཚར་གཅིག་དབྱུགས་པས་མགོ་འཕྲུ་དང་བཅས་པ་ས་ཐོག་ཏུ་ལྷུང་ངོ༌། །དེ་ཕྱོགས་སུ་རྟ་མི་རྣམས་ཉི་དེར་བྱེད། བར་དེར་དུག་ཕྲུག་ལྷའུ་སིལ་སིལ་དེ་བྱང་ཕྱོགས་ཀྱི་སྒར་མཐའ་ནས་ཐོན་ཅིང་སྔོན་མ་ལྟར་གཤོར་རྩིས་ལ། དཔའ་ལ་དང་ཤན་པ་གཉིས་གཅིག་མཇུག་གཉིས་མཐུད་ཀྱིས་མཆོངས་ནས་གདོང་བཀག་ཅིང༌། ཧོར་ཤན་པ་རྨེ་རུ་རྩེས་རྟ་དམར་ཆུང་གི་སྟེང་དུ་ཡོབ་ལངས་ཤིག་བྱས་ནས་ཁོ་རེ་སེར་པོ་གཡབ། ཁྱོད་ལ་ཅི་དགོས་རྟ་ཁ་འཐེན་ཙམ་གྱིས་ཟེར་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ཧོར་ཨ་ཡན་རྒྱལ་པོའི་དགྲ་ལྷ་མཆོད། །མི་ཡན་རྒྱལ་པོའི་ཟོ་དོར་མཆོད། །ངང་ཡག་ཐེ་མོ་སྤུན་གསུམ་མཆོད། །མགར་བའི་ནག་པོ་རྐང་གཅིག་མཁྱེན། །ཤན་པའི་ལྕོགས་ལྷ་མཚལ་དམར་མཆོད། །སྔར་དུས་ཡིན་པའི་དུས་ཚོད་ལ། །ཧོར་འབུམ་ཤོག་བཅུ་གཉིས་གར་ནང་དུ། །རུ་སྣེ་ཆུ་ཆེན་བསྒྱུར་མི་དང༌། །རུ་རྟིང་གྲུ་གུ་སྒྲིལ་མི་དང༌། །ཨེ་ཡོད་བྱས་ཀྱང་ཤན་པ་ཡིན། །མི་ཡོད་བྱས་ཀྱང་ཤན་པ་ཡིན། །སྡིག་པའི་ན་བུན་ཁ་ནས་འཁྲིགས། །ང་རྒྱལ་དུག་ཆུ་ཁ་ནས་འཁྲུགས། །དཔའ་བདུད་ངར་མའི་དཔུང་རོགས་རེད། །འཛམ་གླིང་རྒྱལ་པའི་རུ་འཛིན་ཡིན། །ཡིན་ལུགས་བཤད་ན་དེ་འདྲ་ཡིན། །མ་བྲེལ་མ་བྲེལ་ལྷོད་ཀྱིས་སྡོད། །བྲེལ་བས་བྲེལ་གོ་ཆོད་ལེ་མིན། །བོད་ལ་བྲེལ་བ་རྣམ་གསུམ་ཡོད། །ཁུ་བྱུག་སླེབས་དུས་ཁྭ་ཏ་བྲེལ། །སྟོན་དགུན་བརྗེ་ཁར་སྤྲིན་མགོ་བྲེལ། མི་ནག་འཆི་ཁར་རིག་པ་བྲེལ། །འཕུར་བསམ་ཡོད་ན་གཤོག་པ་སྟོན། །འཛུལ་བསམ་ཡོད་ན་སྡེར་མོ་སྟོན། །དེ་མིན་འགྲོ་ས་ཡོད་དོགས་མེད། །བྲེ་སེ་འབྲོང་གི་དཔུང་འཐུད་ལ། །གླང་ཆུང་ར་བརྡར་དགོད་རང་བྲོ། །ཐིག་ལེ་གཟིག་གི་ཁྲ་སྡེབ་ལ། །རྡ་ལི་ངར་སྐད་ཡ་རེ་ང༌། །གཡུ་འབྲུག་སྔོན་པོའི་སྐད་ཡ་ལ། །སྦྲང་ཆུང་ཟིལ་སྐད་ཉོན་རེ་མོངས། །མ་བྱེད་ཨེ་གོ་བདེན་ངེས་ཡིན། །སྲོག་དམར་མཛུབ་རྩེར་འཁྱེར་རྒྱུ་ལ། །བསམ་བློ་བཞི་གསུམ་བཅུ་གཉིས་སྐོར། ། སྐྱོ་གྲོགས་ཐུ་རུ་སེར་ཆུང་རེད། །རང་མགོ་ཐོན་ན་དཔའ་བོ་རེད། །གེ་སར་རྒྱལ་པོའི་ཆབ་སྲིད་ལ། །མངའ་ཞབས་མ་འདུས་མི་གཅིག་མེད། །དེ་ནས་ང་ལ་ཚུར་ཉོན་དང༌། །མི་ཡག་ཨེ་གོ་སྙིང་གཏམ་ཡིན། །
ཞེས་ཟེར་ཞིང་གླུ་དེ་ལྟར་བླངས་སོ། །ཁོ་ཡིས་རྟ་ཁ་འཐེན་ཙམ་བྱས་ནས་ཤན་པའི་གཏམ་དེར་ལན་སྨྲས་པ། ཁོ་རེ་དམར་པོ་གཡབ། ཁྱེད་རང་ཟེར་བ་ལྟར་རང་མགོ་ཐོན་པ་དཔའ་བོ་ཡིན་ན་ཁྱོད་རང་ཀུན་དུ་གྲགས་ལེ་རེད། ང་ཁྱེད་ལ་བློ་གཏད་བབས་པ་རུང་ཡང་མི་རུང༌། ཁྱོད་ཀྱི་ཁ་དེ་ལ་ཐལ་བ་ཐོབ་ཟེར་ཞིང་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །དལ་བའི་དུས་སུ་མཆོད་པའི་ལྷ། །བྲེལ་བའི་དུས་སུ་མགོན་སྐྱབས་མཛོད། །དེ་ནས་ང་ལ་ཚུར་ཉོན་དང༌། །ང་དང་ང་ངོ་མི་ཤེས་ན། །དུག་ཕྲུག་ལྷའུ་སིལ་སིལ་ཟེར། །རྨུ་རྗེ་ས་ཐམ་རྒྱལ་པོ་ཡི། །དཔུང་པ་གཡས་པའི་ངར་རྒོད་ཡིན། །རྐང་ཆུང་གཡོན་གྱི་ངར་གདོང་ཡིན། །ཁྲ་ཆུང་གཡོན་མའི་ཨ་བྲས་ཡིན། །འོག་ལ་གཡབ་པའི་འདོ་ཕྲུག་རྟ། །དྲེལ་རྒན་སེར་པོ་དཔུང་ནག་ཟེར། །ལུས་ལ་གྱོན་པའི་ཁྲབ་དཀར་འདི། །ཆུ་རྒྱུན་སྔོན་མའི་ཟིལ་པ་ཟེར། །མགོ་ལ་གྱོན་པའི་རྨོག་དཀར་འདི། །མུ་ཁྲི་དཀར་མོ་གླིང་བཞི་ཟེར། །གཡས་གཡས་ལ་བཏགས་པའི་ས་ཐག་འདི། །ལྷོ་སྤྲིན་སྨུག་པོའི་དཔུང་འཐུད་ཟེར། །གཡོན་ལ་བཏགས་པའི་གཅིག་ཤུབས་ནི། །སྣང་ཆེན་འཇའ་རིས་འཁྱུག་པ་ཟེར། །ཡིན་ལུགས་བཤད་ན་དེ་ལྟར་ཡིན། །རྒྱལ་པོ་ས་ཐམ་མ་ལགས་པའི། །རྒྱལ་ཕྲན་ཕལ་ལ་རྩེས་དགོས་མེད། །བློན་པོ་བེར་ཐུལ་མ་ལགས་པའི། །བློན་ཆུང་གཞན་ལ་བརྒྱུད་དགོས་མེད། །གཡས་ལ་བཏགས་པའི་ཞགས་པ་འདི། །དེ་རིང་ཁྱོད་ལ་འདེབས་ངེས་ཡིན། །ཞགས་ནག་ཨ་ལོང་ཧོ་མ་ཡ། །
ཞེས་ཟེར་ཞིང་ཞགས་པ་དེ་འཕངས་བྱུང་བས། སྐད་ཅིག་གིས་རླུང་བསྐྱོད་པ་ལྟར་ཤན་པའི་སྐེ་ལ་འཁོན་ཞིང༌། ཤན་པ་རྟ་ཐོག་ནས་ལྷུང་ལ་ཁད་ཀྱི་རྟ་དེ་ཡང་རྒྱུག་མ་འདུར་གྱིས་ཁོ་ཡིས་ཕྱི་བཞིན་ཁྲིད་པས། སྐབས་དེར་དཔའ་ལ་ནི་གཡའ་དེ་རིང་ལས་ནག་པོ་ཐོན་སོང༌། ཤན་པ་མི་རྟ་བཅས་ཤོར་སོང་བ་འདི་སྒོར་ཐུབ་པ་ཞིག་བྱེད་དགོས། དེ་མ་བྱུང་ཡང་འཆི་ཐུབ་པ་ཞིག་བྱེད་བསམས་ནས་རྟ་སྟོང་རི་དར་དཀར་གྱི་ལྕག་འཐུད་ནས་སྐད་ཅིག་ལ་སྐར་མདའ་ཆད་པ་ལྟར་སྐྱ་ཧྲིལ་བྱུང་ནས་སྣ་སྒོར་ཞིང་སྨྲས་པ། ཁོ་རེ་དོན་མེད་ཀྱི་ལས་དེ་ཅི་ལ་བྱེད། ངེད་ཀྱི་ཤན་པ་དམར་པོ་བཏང་བ་དགའ་ཟེར་ཞིང༌། གདོང་བཀག་པས་ཁོ་སྐད་ཅིག་ལ་ངར་ལངས་ཞིང་ཞགས་པ་མ་བཏང་བར་གཞུ་སྟེང་དུ་མདའ་ཞིག་བཞག་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ཚེ་ཟད་ཅིག་གི་ཡོང་ལུགས་ལ། །ལས་ངན་ཅིག་གི་འཁོར་ལུགས་ལ། །ངོ་ཚ་མེད་པའི་རྒོད་པོ་རྣམས། །གཅིག་ལ་གཉིས་རུབ་བྱེད་ལུགས་ལ། །ཁྱི་རྒན་བེ་སེར་སྐོར་སྐོར་རེད། །དེ་ལ་རྒོད་པོ་ཟེར་དོགས་མེད། །ནམ་གུང་བཅོ་ལྔའི་དུང་ཟླ་དེ། །སྤྲིན་ནག་འགྲོས་ལ་ཟུར་དགོས་མེད། །མ་བཙུག་མདའ་མོའི་འབེན་བཞག་ཁྱོད། །མདའ་སྣེ་གོང་མ་ལྷ་ཡིས་ཁྲིད། །མེ་ལྕེ་འབར་ཞིང་འུར་སྒྲ་གཡོས། །དུར་རླུང་འཚུབ་ཅིང་ལྡིར་སྒྲ་སྒྲོགས། །དཔའ་ཁ་དགུང་དུ་གྲགས་པར་ཤོག །དྲོད་མ་ཡལ་དགྲ་ཤ་ཟ་བར་ཤོག །ཨ་བ་རེ་ལ་སྙིང་རེ་རྗེ། །ལུས་ཕུང་བྱ་ཁྱིའི་ཚོགས་སུ་རོལ། །རྣམ་ཤེས་དག་པའི་ཞིང་ལ་དྲོངས། །
ཞེས་ཟེར་ཞིང་མདའ་ཞིག་འཕངས་བྱུང་བས་དཔའ་ལའི་ལུས་ལ་ཕོག  །ཁྲབ་རྒྱུན་རྣམས་སིལ་ལེ་སྟོར་ཞིང་གོས་དང་ལས་དར་གྱིས་ཐུབ་ཅིང་མདའ་རྨས་མ་བྱུང༌།དེ་བར་ཤན་པ་ཤོར་ཅིང་རེ་ཞིག་རུབ་མ་བརྒྱབ་པར་དེ་ཁར་བསྡད། དེའི་རྗེས་དཔའ་ལས་ཁོ་ཡི་གླུ་ལེན་དང་མདའ་བསྐུལ་གྱི་གླུ་འདི་སེང་སྟག་གི་ངར་འཛོམས་རིང་མོར་དྲངས་ཏེ་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གནས་དག་པ་རྒྱལ་བའི་ཕོ་བྲང་ནས། །སྐྱབས་གཅིག་མཆོག་གསུམ་བླ་མའི་ཚོགས། །བདག་སྒོ་གསུམ་གུས་པས་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་དར་དཀར་བཞིན་དུ་མི་འཕྱར་རྒྱུ། །སངས་རྒྱས་བསྟན་པ་དར་འཇམ་ཡིན། གླུ་དར་དམར་བཞིན་དུ་མི་འདྲེན་རྒྱུ། །མར་མེ་འཛད་ན་དམར་པོ་ཡིན། །གླུ་དར་ནག་བཞིན་དུ་མི་སྡེབ་རྒྱུ། །སྡང་དགྲ་བོའི་ཐོག་གི་ནག་འཇམ་ཡིན། །གླུ་རིག་པའི་འཁོར་ལོ་མི་ལེན་རྒྱུ། །རང་མགོ་ཐོན་ངེས་མདའ་ཞིག་རེད། །དཔའ་ལའི་སྟེང་དུ་འགྲོ་ལུགས་མེད། །མཐེབ་མཛུབ་མདའ་མོ་འདར་ལིང་ལིང༌། །མཆོག་དཀར་གཞུ་མོ་བྲེལ་ཉམ་ཉམ། །མདའ་འཕེན་ན་འཕེན་ལུགས་དེ་འདྲ་མིན། །གཞུ་འགུགས་ན་འགུགས་ལུགས་དེ་འདྲ་མིན། །ད་གིན་ཁྱོད་ཀྱི་རེ་མོས་རེད། །ད་རེས་དཔའ་ལའི་རེ་མོས་རེད། །རྒོད་པོ་སུ་རེད་ལྟ་ན་ཤེས། །སྟག་དོང་ནང་ནས་མདའ་ཞིག་འདོན། །གཟིག་ཤུབས་ནང་ནས་གཞུ་ཞིག་འདོན། །མདེལ་རྩེ་ལྷ་དང་སྲུང་མས་ཁྲིད། །བསྐལ་པའི་འབྲུག་སྒྲ་འུར་གྱིས་སྒྲོགས། །སྨྱུག་སྐེད་མ་དང་མཁའ་འགྲོས་འཚོས། །འབྱུང་བའི་བུ་ཡུག་འུར་གྱིས་འཚུབ། །སྟོང་ཁ་ཁྲག་འཐུང་དཔའ་བོས་འཚོས། །མེ་སྟག་ཐོག་ལྕེ་ངར་གྱིས་རྒྱུག།།ཤི་དམྱལ་བ་མེད་པར་ཐུགས་རྗེས་གཟིགས། །ལམ་བར་དོ་མེད་པར་བྱིན་གྱིས་རློབས། །
ཞེས་ཟེར་ཞིང་མདའ་ཞིག་འཕངས་པས་འུར་སྒྲ་དང་མེ་སྟག་ཁྲོམ་ཁྲོམ་དུ། དུག་ཕྲུག་གི་བྲང་ལ་ཕོག་ཅིང་གོ་ཁྲབ་སོགས་གང་ཡང་མ་བརྟེན་པར་གདའོ། །དེར་ཁོ་མདའ་ཕོག་པ་དང་འཕྲལ་དུ་མ་ཤི་བར། རྟ་ཁ་ཕྱིར་ལོག་ཅིང་གླིང་དམག་གི་སྒར་དེར་འདྲེས་ཤིང་སྤྲུགས་པས་ཁྲབ་མ་གཉིས་ཙམ་བརླགས་ནས་ཁོ་རང་གི་སྒར་ནང་དུ་བྲོས་ནས་འདས་སོ། །སྐབས་དེར་ནུབ་ཕྱོགས་གནས་ཀྱི་སྒར་སྒོ་ནས་དཔའ་ལིང་དཔའ་བོ་ཐོག་འགྱུར་དེ་རྟ་ཆུ་བྱ་ལྡིང་ཤེས་ཀྱི་གོང་དུ་ཐོན་ནས། གླིང་དམག་གཤོག་རྩིས་ཀྱིས་ཕྱི་འགྱེ་མེད་པར་ཐོན་བྱུང་བས་གདོང་ལེན་དུ་ཉི་འབུམ་གྱིས་ང་འགྲོ་ཟེར། རོང་ཚས་ཁྱེད་བཞུགས་ང་འགྲོ་ཟེར་སྐབས་དེར་དགའ་སྡེས་སྨྲས་པ། ཁྱེད་གཉིས་སྐུ་མཆེད་ཡིན་པས་བཞུགས་མཛོད། དེ་རིང་གི་གདོང་ལེན་ང་ལ་བབས་ཟེར་ནས་རྟ་རླུང་ནག་ལྡིང་ཤེས་ཀྱི་སྟེང་དུ་ཐོན་ཅིང༌། གདོང་བཀག་པས་ཁོས་ཀྱང་མདའ་རྒྱང་ཙམ་ནས་རྟ་ཁ་འཐེན་ཅིང་ཟུར་སྡོད་ཀྱི་སྐེད་གཟེར་ཞིག་བྱས་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ང་དང་ང་ངོ་མ་ཤེས་ན། །འཇང་ཡུལ་མཚལ་ར་སྨུག་པོ་ན། །ཐང་རྫོང་རིང་མོའི་ནང་བཅུད་ལ། །དཔའ་ལིང་དཔའ་བོ་ཐོག་འགྱུར་ཟེར། །དེ་ཡོད་ནང་གི་དེ་གྲགས་ཡིན། །དེ་དྲག་ནང་གི་དེ་ཆེ་ཡིན། །སྒོ་ངའི་ནང་གི་སེར་ཐིག་ཡིན། །ར་མགོའི་ནང་གི་མིག་ཚིལ་ཡིན། །དེ་ནས་ཉོན་དང་སྐད་ཆ་འདུག །ཁྱོད་དང་ང་རང་གཉིས་པོ་ནི། །ཁྱེད་ཁྱེད་མདའ་ཁ་ཨེ་བྱེད་ལགས། །ཐུང་ཐུང་གྲི་ཁ་ཨེ་བྱེད་ལགས། །ཁྱེད་ཐུང་མདུང་ཁ་ལ་སྐོན་དགོས་སམ། །ཅི་བྱེད་ཁྱོད་རང་བསམ་བློ་སྐོར། །རྨུ་རྗེ་ས་ཐམ་རྒྱལ་པོ་དེས། །ངེད་དམག་དཔོན་མི་གསུམ་མངགས་ལེ་རེད། །ལས་དམག་སྟོང་གསུམ་བསྐོར་ནས་ཡོད། །ཁྱོད་དོན་མེད་ཚུར་བརྙས་བྱེད་དོན་མེད། །ཕར་འགྲོ་འདིར་བྱེད་མ་རྟོགས་པར། །ཚུར་བརྙས་དགྲ་བོ་ཁུར་སྣང་མེད། །དགུང་ཨ་སྔོན་ཡངས་པའི་འགྲིམས་ལམ་ལ། །མཐེབ་ཆུང་མཛུབ་མོས་འཇལ་སྣང་མེད། །གཡས་སྟག་དོང་ནང་ནས་མདའ་ཞིག་འདོན། གཡོན་གཟིག་ཤུབས་ནང་ནས་གཞུ་ཞིག་འདོན། མདའ་ཞགས་མི་འཕེན་ཐོག་ཅིག་འཕེན།  །ནམ་མཁའི་སྐར་ཕྲན་འདར་ཞིང་འཁྲུགས། །གཞུ་ཞིག་མི་འགུགས་བྲག་ཅིག་འགུགས། །མཐེབ་ཤེད་ཆེན་མདའ་མོ་ངར་དང་སྤྲོད། །གཞུ་སྟོད་གནམ་ཐེལ་དཀར་པོས་འཚོས། །གཞུ་སྨད་ས་ཐེལ་ནག་པོས་འཚོས། །འཆང་བཟུང་བར་ཐེལ་གཉེན་གྱིས་འཚོས། །མདེལ་རྩེ་སྡིང་རི་མི་རྒན་འཚོས། །
ཞེས་ཟེར་ཞིང་མདའ་ཞིག་འཕངས་བྱུང་བས། སྐད་ཅིག་ཉིད་ལ་ས་ཐེལ་ནག་པོས་རླུང་ནག་ཅིག་དང་བསྡེབས་ནས་འུར་སྒྲ་དང་བཅས་དགའ་སྡེའི་ལུས་ལ་ཕོག་པས་གོ་ཆ་རྣམས་སོ་སོར་ཐོར་ཡང༌། ནང་དུ་དགྲ་ལྷའི་ཚེ་གོས་ཀྱི་མཐུས་ལུས་ལ་མདའ་རྨས་མ་བྱུང༌། བར་དེར་ཁོ་ཡིས་མགོ་ཟུར་ཞིང་བསྡད་པས། དགའ་སྡེས་གཞུ་སྟེང་དུ་མདའ་ཞིག་བཞག་ནས་སྨྲས་པ། ཁོ་རེ་འཇང་ཕྲུག་ཧམ་ཆེན་ཁྱོད་མདའ་ནུས་མེད་དེ་འདྲ་ངོ་རེ་ཚ། ངེད་སྨར་ཁམས་གླིང་ཡུལ་ཁྲ་མོ་ལ། མདའ་འདི་ལས་ལྷག་པ་གྲངས་མེད་ཡོད། འདི་ལས་ཞན་པ་གཅིག་ཀྱང་མེད་ཨེ་བདེན་ཁྱོད་རང་མདའ་ལ་ལྟོས་ཟེར་ཞིང་གླུ་འདི་བླངས་སོ།།
གླུ་ཐ་ལ་ཐ་ལ་ལ་ལ་རེད། །གླུ་མཆོད་ཅིག་སྟོང་ཉིད་ཁྲག་འཐུང་ཚོགས། །བེར་ནག་པོས་སྙིང་ནས་གསོལ་བ་འདེབས། །མཆོད་ཅིག་སྟོང་ཉིད་དཔལ་མགོན་ཚོགས། །བེར་ནག་པོའི་བུ་ལ་སྡོང་གྲོགས་མཛོད། །ང་དང་ང་ངོ་མ་ཤེས་ན། །འབྲུ་དགའ་སྡེའི་མི་ཆེན་སེར་པོ་ཟེར། །ཁོ་རེ་འཇང་ཕྲུག་ཧམ་པ་ཅན། །གླིང་དཀར་ཁྲ་མོའི་གཞི་དཀྱིལ་ལ། །འཇང་ཕྲུག་རྒོད་པོ་སྙིང་རེ་རྗེ། །སྐྱ་ཁྲ་ནམ་གཞུང་མི་ཤེས་པའི། །བྱིས་ཆུང་སྐད་སྙན་དགོད་རེ་བྲོ། །ལྷ་མེད་གེ་སར་ལྷ་ལ་འགྲན། །དཔུང་མེད་གླིང་པའི་དཔུང་ལ་འགྲན། །དཔའ་མེད་དགའ་སྡེའི་ངར་ལ་འགྲན། །ཚོད་མེད་མི་ལ་ལས་ཐང་མེད། །དམག་དཔོན་དུག་ཕྲུག་ལྷའུ་དང༌། །སེང་ལྕམ་ལྷའུ་ཐོག་འགྱུར་གཉིས། །བདེ་མོའི་ཐང་ལ་ལྷུ་ཚིགས་ཕྲལ། །དེ་རིང་དེས་ཀྱང་མ་ཚད་པའི། །གཡུ་ལྷ་ཐོག་འགྱུར་བཙོན་དུ་བཟུང༌། །དེ་མིན་གང་ཡོད་དམར་གསོད་བཏང༌། །སྙིང་ཚིམ་ཨེ་གདའ་འཇང་ཕྲུག་ཁྱོད། །འཇང་ཕྲུག་ཁ་བཤད་སྟོང་གཏམ་ཅན། །ལག་ལེན་ནམ་མཁའི་འཇའ་རིས་ཅན། །མདའ་སྐྱེན་རྒན་མོ་འཕང་ཐུར་ཅན། །གཞུ་འགུགས་སེ་བའི་ཡང་ཤུན་ཅན། །དེ་རིང་ཉི་མའི་གདོང་གང་ལ། །ཧོར་པའི་གདོང་གི་བྱིས་ཆུང་ལྟར། །བྱིས་སྒྲོ་ལིང་སེ་མ་བཏང་ན། །དགའ་སྡེ་མིན་པའི་རྟགས་ལ་ཞོག། །རྩལ་གྲུབ་མེད་པའི་རྟགས་ལ་ཞོག།།
ཅེས་ཟེར་ཞིང་མདའ་ཞིག་འཕངས་པས། ཁོ་ཡི་བྲང་ལ་ཕོག་ཅིང་གོ་ཁྲབ་སོགས་གང་གིས་ཀྱང་མ་བརྟེན་པར། རྒྱབ་ཏུ་སྐྱ་སེང་ངེ་བྱུང་བས་ཁོ་རྟ་ཐོག་ནས་གན་རྒྱལ་དུ་འགྱེལ་ལོ། །
དེའི་ནུབ་ཕྱོགས་སུ་ཡོད་པའི་གླིང་པ་རྣམས་ཀི་དིར་བྱེད་ཅིང་དགའ་སྡེར་གཟེངས་བསྟོད་དོ། །དུས་དེ་ཙམ་ལ་འཛམ་གླིང་སེང་ཆེན་རྒྱལ་པོ་ཡང་སྐྱ་མིན་སེར་མིན་གྱི་སྤྲང་པོའི་ཆས་སུ་སྤྲུལ་ནས་འཇང་ཡུལ་དུ་བྱོན། ཆིབས་རྟ་རྐྱང་རྒོད་ཡེར་བ་དེ་བོང་བུ་གསུམ་དུ་སྤྲུལ་ནས་རྩྭ་ཁར་བཏང༌། དེ་དུས་འཇང་ས་ཐམ་རྒྱལ་པོའི་རྟ་རྫི་ཐེ་མོ་རྐང་རིང་གིས་མཐོང་བ་ལྟར། རྒྱལ་པོ་ལ་ཡ་མཚན་པའི་བོང་བུ་གསུམ་གྱི་སྐོར་སྙན་གསན་ཞུས་པ་ན། བོང་བུ་རྣམས་ཡར་འཁྲིད་ཤོག་གསུངས་པ་བཞིན་རྒྱལ་པོར་ཕུལ་བས། རྒྱལ་པོའི་ཆིབས་རྟ་གཉིས་དང་ལྷན་དུ་རྟ་རའི་ནང་དུ་བདག་ཉར་བྱས། ཉིན་གཅིག་ཆུ་འགྲམ་དུ་བོང་བུ་ཕན་ཚུན་འཛིང་རེས་བྱས་པའི་རྐྱེན་གྱིས། རྒྱལ་པོའི་ཆིབས་རྟ་གཉིས་ཆུ་ནང་དུ་ལྷུང་ནས་ཤི་བ་སོགས་མི་ལེགས་པའི་གནས་ཚུལ་དུ་མ་ཞིག་བྱུང་སྐབས་སུ། བོང་བུ་གསུམ་རང་ཡལ་དུ་སོང༌།
གླིང་གེ་སར་སློང་མཁན་གྱི་ཚུལ་དུ་བཞུགས་པ་དེར། འཇང་གི་མི་འགའ་དང་སྤྱང་བཟང་ལྷ་མོས། སྤྲང་པོ་ཁྱོད་ཕྱོགས་གང་ནས་འོང༌། གཏམ་ཇི་འདྲ་ཡོད་ཅེས་དྲིས་པར། སྤྲང་པོས། ང་འཁྱམས་པོར་ཕ་ཡུལ་དང་སྡོད་གནས་འདི་ཡིན་ཟེར་རྒྱུ་མེད། རེས་འགའ་གླིང་ཡུལ་དང༌། སྐབས་རེར་ཧོར་ཡུལ། ཡང་སྐབས་རེར་མོན་རོང་ཡུལ་དུ་བསྡད་ཟེར་ཞིང༌། ཧོར་གླིང་གཡུལ་འགྱེད་དང་འཇང་གི་གཡུ་ལྷ་སོགས་ཧོར་ཡུལ་དུ་སོང་བའི་སྐོར་བཤད། འཇང་གི་རྒྱལ་བློན་ཚོས་ཀྱང་སྤྲང་པོ་བཤད་པའི་གཏམ་བདེན་པ་མིན་ནམ་བསམས་པ་བྱུང༌།
གེ་སར་གྱིས་རང་གི་ཆིབས་པ་རྐྱང་རྒོད་འགུག་པའི་གླིང་བླངས་ནས་མི་རྟ་གཉིས་འཛོམས་ནས་གླིང་དམག་ཡོད་སར་ཕེབས། འཇང་ཡུལ་དུ་སྤྲང་པོར་བརྫུས་ནས་ལས་དོན་གང་བྱས་པ་རྣམས་གླིང་པར་བཤད། སྐབས་དེར༌འཇང་ས་ཐམ་རྒྱལ་པོ་ནི་བཙུན་མོ་ཁང་ཐོག་ནས་ལྷུང་བ་དང་ཆིབས་རྟ་གཉིས་ཆུས་འཁྱེར་བ་སོགས་ཀྱི་མྱ་ངན་གྱིས་ནོན་ཏེ། རྒྱལ་པོ་ལོ་དགུའི་བར་དུ་མྱ་ངན་གྱི་མུན་ཁང་དུ་བཞུགས། གླིང་དམག་འཇང་ཡུལ་དུ་འབྱོར་བའི་ཛ་དྲག་གི་གནས་ཚུལ་རྒྱལ་པོར་ཞུས་ཀྱང་གསན་འཇོག་མ་མཛད་པས། འཇང་གི་བློན་པོ་རྣམས་ཅི་བྱེད་མེད་པར་གྱུར།་་་་་་་ དེའི་སང་ཉིན་གླིང་དམག་འཇང་ཡུལ་དུ་ཕེབས་ཤིང༌། དེ་ནས་ནུབ་གཅིག་འཛམ་གླིང་སེང་ཆེན་རྒྱལ་པོ་ཁོང་ལ། ལྷ་ཆེན་ཚངས་པ་དཀར་པོས་གང་དགོས་ལུང་བསྟན་གསལ་ཚིག་ཏུ་གསུངས་པ།
རྒྱལ་པོ་བྱུས་ལ་ཐུགས་སེམས་སྒྲིལ། །འཇང་གི་ས་ཐམ་རྒྱལ་པོ་ཁོ། །མུན་རྫོང་ནག་པོའི་མཁར་ནང་ནས། །ལོ་དགུའི་བར་དུ་ཐོན་པ་མེད། །དེ་ནས་འདུལ་ལུགས་རིམས་གྱིས་བྱེད། །བྱུར་ལྷ་དཔོན་པོ་གསེར་ཁྲབ་ཅན། །སང་ཉིན་མི་སྡོད་ཤོར་ངེས་ཡིན། །དེ་འདྲ་སུས་ཀྱང་ཐུབ་པ་མེད། །མི་ཤི་གླིང་ལ་བཟོ་ངེས་ཡིན། །དེ་ཡི་གདོང་དུ་སུ་ལངས་ཀྱང༌། །གསོན་དུ་གཏོང་བའི་རེ་བ་མེད། །ལྷ་རྟ་རྐྱང་རྒོད་ཡེར་པས་གཙོས། །གླིང་རྟ་ཁྱུ་གཅིག་ཟུར་འཁྱར་
གྱིས། །བྱུར་ལྷའི་གདོང་དུ་ཁས་ལེན་མཛོད། །དེ་ནས་བློ་ཁ་ཚངས་པས་སྒྱུར། །བྱུས་ལ་བསད་ཤོར་བྱུང་དོགས་སུ། །ཞི་བའི་ཁུལ་གྱི་ཆིངས་སྐོར་གྱིས། །ལོ་དགུ་དབང་ཐང་རྫོགས་པ་ན། །ཞི་དྲག་ཅི་བྱེད་རང་ལ་ཡོད། །
ཅེས་ལུང་བསྟན་གསལ་ཚིག་དེ་ལྟར་གནང་བ་དང༌། དེའི་སང་རྒྱལ་པོ་སེང་ཆེན་གྱིས་ལྷའི་ལུང་བསྟན་བྱུངཚུལ་རྣམས་ཞིབ་ཏུ་གསུངས་སོ། །ཡང་སྐབས་དེར་འཇང་དམག་གི་ནང་ནས་བྱུར་ལྷ་དེས་དེ་རིང་ང་ཡི་དཔའ་ཁ་དགུང་དུ་གྲགས་ངེས་ཤིག་བྱེད་བསམ། ལྷག་པར་ངར་བའི་འཁོར་གསུམ་དང་སྒོ་རྒྱབ་རྟ་གྲུ་མོ་ཁྲུང་ཁྲུང་གི་སྟེང་དུ་ཐོན་ནས་འཇང་དམག་རྣམས་ལྟོས་ཨང་ངེད་ཀྱི་དཔའ་ཁ་འདི་བཞིན་མཛོད་ཟེར་ཁ་ཁྱད་དང་བཅས་པར་རྟ་ཁ་སྒྱུར། གླིང་དམག་གི་གཡས་ཕྱོགས་སུ་གཏད་ནས་རི་གཟར་གྱི་རྦབ་འགྲིལ་པར་ལྟར་མཆོངས་པས། གླིང་དམག་སུམ་ཅུ་སྐོར་བསད་ནས་ལོག་པའི་ལམ་བར་གླིང་རྟ་སྣེ་ཁྱེར་བས་ཐད་ནས་རྟ་ཐོབ་ཅིང་དེད་ནས་ལོག་སྟེ་སྒར་དུ་སླེབས་པ་དང་རྟ་རྣམས་ནོམ་གྱི་ཚུལ་དུ་བགོས། རྐྱང་པོ་འཕུལ་གྱི་རྟ་དེ་ཡིན་པར་མ་ཤེས། ཐམས་ཅད་རྐྱང་པོ་ལ་ཧབ་ཐོབ་བྱུང་ཡང་མཐའ་མར་བྱུས་ལྷ་ཁོང་རང་ལ་ཐོབ། དེ་ནས་ཐམས་ཅད་ལས་གུར་དུ་འདུས་ཤིང་ཇ་ཆང་གི་སྐྱེམས་འདྲེན་སྐབས་སུ་བྱུར་ལྷས་སྨྲས་པ།  སྟེང་བཞུགས་གསེར་ཁྲི་གནོན་མི་ཁོང༌། མུན་ཁང་དུ་དགོངས་པ་མུག དེ་བྱེད་མེད་པའི་འཇང་མི་རྣམས། ལས་ཅི་འདྲ་བྱས་ན་དྲག་རྒྱུ་རེད། ང་བྱུར་ལྷའི་བསམ་པ་འདི་ལྟར་གདའ་ཟེར་ཞིང་གཏམ་གྱི་ཐ་མ་གླུ་འདི་བླངས་སོ། །
ཨ་གླུ་ཐ་ལ་ཐ་ལ་རེད། །ཨ་ལ་ལ་ལ་ལ་ལ་རེད། །ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །མཆོད་པའི་མི་ལ་ཁ་འཛིན་མཛོད། །བོས་པའི་མི་ལ་ཨ་ལན་མཛོད། །མཆོད་པའི་མི་ལ་དཔལ་མགོན་མཛོད། །དཔུང་དམག་ཁྲ་མོའི་གཞི་དཀྱིལ་དུ། །ངས་སྣང་བ་མཚར་བའི་གླུ་ཞིག་ལེན། །ནང་བཅུད་མེད་པའི་མཁར་རྫོང་རྣམས། །རྩིག་གཞི་ལེགས་ཀྱང་མ་ཕན་བྱུང༌། །མི་སྡེ་མེད་པའི་ལུང་པ་དེ། །ཡུལ་བཟང་ཡིན་ཀྱང་མི་ཕན་འདུག །གོང་བཞུགས་མེད་པའི་བློན་པོ་དེ། །རང་སེམས་དྲང་ཡང་མི་ཕན་འདུག །དེ་སྟེ་ངེས་པར་ཤི་ན་བསམ། །དཔོན་ནུས་ཤོར་བའི་གཡོག་པོ་དང༌། །ཨ་མ་མེད་པའི་ཕྲུ་གུ་གཉིས། །སྐྱོ་མོའི་སེམས་ལ་སངས་དུས་མེད། །ད་སྟེ་བྱུར་ལྷ་རྒོད་པོ་ང༌། །དེ་རིང་ཉི་མའི་གདོང་གང་ལ། །ཡང་དང་གླིང་དམག་ཤོག་ནི་དགོས། །འཐབ་ཡ་སེང་ཆེན་ཨེ་ཡོང་བལྟ། །ཤི་རོགས་དུར་ས་དེ་རིང་འོས། །ངས་ཉག་ཕྲན་མདའ་དང་སྐྱ་ཁྲ་མཚོན། །བ་དན་མདུང་དང་འཕྲུལ་འཁོར་སོགས། །རྒོད་པོའི་དཔའ་རྟགས་ངོམ་ནས་ཡོད། །འདོ་ཆེན་ཉི་མ་སྐྱ་རིང་དེ། །གླིང་ཕྲུག་ཕོ་གསར་མདའ་ཡིས་བསད། །གླིང་རྟ་རྐྱང་པོ་མཐོང་རྔམ་ཅན། །རྒྱུགས་རྒྱུ་ཅི་འདུག་དེ་རིང་བལྟ། །
ཞེས་ཟེར་ཞིང་གློ་བུར་དུ་ངར་ལངས་ལྟར་རྟ་རྐྱང་པོ་བཞོན་ནས་གླིང་དམག་གི་ཕྱོགས་སུ་རྒྱུག་སྐབས། འདོ་ཆེན་རྐྱང་རྒོད་གཡེར་པོ་དེས་འཕུར་གཤོག་འགྲན་པས་ནམ་མཁའི་མཐོངས་སུ་བྱུར་ལྷ་དེ་ཁྱེར་ཅིང༌། བྱུར་ལྷ་ནི་ཅི་བསམ་མེད་པར་དབང་མེད་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་སྤྲིན་གསེབ་ཉི་འོད་དང་བཅས་པར་བཅར་ཞིང་རིག་པ་ཕྲ་མོ་ཆོལ་གྱི་སྐབས་དེར་རྐྱང་པོས་འགྱུར་གཅིག་བརྒྱབ་པས་རྟ་ཐོག་ནས་བྱ་བབ་པ་ལྟར་དུ་དུག་མཚོའི་ནང་དུ་ལྷུང་ངོ་། །འཇང་མི་རྣམས་ཀྱིས་དང་པོ་བྱུར་ལྷ་རྟ་ཡིས་ཁྱེར་བ་ཡང་མཐོང༌། དེ་ནས་ཇེ་མཐོར་འགྲོ་བ་མཐོང༌། མཐའ་མ་རྟ་ཐོག་ནས་དུག་མཚོའི་ནང་དུ་ལྷུང་བའང་མཐོང་ཞིང༌། དེར་འཇང་མི་རྒན་འབྲིང་གཞོན་གསུམ་མྱ་ངན་གྱིས་ནོན་ཞིང༌། གླིང་ལ་དགྲ་བྱས་ན་འདི་ལས་ཅི་ཡོད། རྟ་ཡིས་ཀྱང་དེ་ལྟར་བྱེད་པ་ཨང་ཟེར་ཐམས་ཅད་ངོ་ནག་རོག་གེར་བསྡད། དེའི་ནུབ་ཟས་སྐོམ་བྱ་བའི་འདུ་ཤེས་ཀྱང་མེད་པར་ལུས། དེ་ནས་གླིང་དམག་རྣམས་ཀྱི་སྒར་ནང་དུ་རྒྱལ་པོ་སེང་ཆེན་དེ་ཉིད་ལྷ་གུར་མཐོང་བ་ཀུན་སྨོན་གྱི་ནང་དུ་བཞུགས་པའི་སྐབས། ལྷ་ཆེན་ཚངས་པ་དཀར་པོ་དེ་ལྷ་རྟ་གྲོ་དཀར་ཞབས་ལ་ཆིབས་ཤིང་མདུན་གྱི་ནམ་མཁར་སྤྲིན་སྣ་འཇའ་འོད་འཁྲུགས་པའི་གུར་ཁང་ནས་ལུང་བསྟན་གྱི་གླུ་འདི་བཞེངས་པར་གདའོ། །
སྐྱབས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །དག་པ་ཡིད་ཀྱིས་གསོལ་བ་འདེབས། །བདེ་གཤེགས་རྒྱལ་བ་རིགས་ལྔ་ལ། །གུས་པའི་སེམས་ཀྱིས་གསོལ་བ་འདེབས། །ཁམས་གསུམ་འཁོར་བའི་སེམས་ཅན་ལ། །ཡེ་ཤེས་སྤྱན་གྱིས་དབྱིངས་ནས་གཟིགས། །ང་དང་ང་ངོ་མ་ཤེས་ན། །ཡབ་ཆེན་ཚངས་པ་དཀར་པོ་ཟེར། །ལྷ་གུར་དཀར་པོའི་ནང་བཅུད་དེ། །འཛམ་གླིང་རྒྱལ་པོ་མིན་ངོ་ཤེས། །ཡིན་ན་ལུང་བསྟན་གསལ་ཚིག་ཡོད། །ས་ཐམ་འཇང་གི་ས་ཆ་རུ། །གླིང་དམག་ཚེ་སྡོད་བྱས་པ་དེ། །ད་ལྟ་སྨོན་ལམ་འགྲུབ་ངེས་ཡིན། །ས་ཐམ་དབང་ཐང་རྫོགས་ལེ་ཡིན། །དེ་ནས་གསོན་དང་ཞུ་རྒྱུ་འདུག། །ས་ཐམ་འཇང་གི་སྒར་ཆེན་ནས། །སང་ཉིན་ནམ་གྱི་ཕྱེད་ཆ་རུ། །གླིང་དཀར་ལས་དམག་བཅོམ་རྩིས་འདུག །ཚུར་འགེལ་བྱུང་ན་ཡག་རྒྱུ་མེད། །འགྱོད་ལ་ཤི་རྨས་ཡོང་ངེས་ཡིན། །དེ་བས་སང་དགོང་ནམ་ཕྱེད་དུ། །གླིང་དཀར་ལས་དམག་ཕར་ལ་ཆོས། །འཇང་སྡེའི་དམག་སྒར་བཏབ་པ་དེ། །མ་བཞག་འཕྱུག་པ་ཡོང་ངེས་གྱིས། །མཚལ་དམར་དཔོན་པོ་ཁེར་སྐྱེས་ཁོ། །གྲི་ཡ་ཟིའི་ངར་ལ་མ་དྲངས་ན། །གཞན་མིན་སུས་ཀྱང་ཐུབ་པ་མིན། །དགྲ་ལྷ་ཁོ་དང་ཐུག་ལེ་ཡོད། །མགོན་དགྲ་ལྷའི་ཚེ་མདུད་ཁོང་ལ་སྤྲོད། །གཞོན་ནུ་མདུང་ཐུང་ལག་རིང་ཁོ། །མདའ་ལྷ་མདའི་ངར་ལ་མ་དྲངས་ན། །གཞན་མིན་སུས་ཀྱང་ཐུབ་ལེ་མེད། །ཉི་འབུམ་ཁོང་ལ་ཐུག་ལེ་ཡོད། །མགོན་དགྲ་ལྷའི་ཚེ་མདུད་ཁོང་ལ་སྤྲོད། །དུག་མི་བཀྲ་ཤིས་ཐོག་འགྱུར་ཁོ། །མཐེབ་སྐྱེན་པོའི་དཔུང་གིས་མ་ལོན་ན། །གཞན་མིན་སུས་ཀྱང་ཐུབ་ལེ་མེད། །བློན་འདན་མ་ཁོང་དང་ཐུག་རྒྱུ་ཡིན། །མགོན་དགྲ་ལྷའི་ཚེ་མདུད་ཁོང་ལ་སྤྲོད། །ལྷའུ་ངར་རྒོད་ལག་རིང་ཁོ། །ཕོ་རྩལ་ཆེན་འགག་གསོད་མ་བྱུང་ན། །གཞན་མིན་སུས་ཀྱང་ཐུབ་ལེ་མེད། །འབྲུ་སྒ་སྡེ་ཁོང་དང་ཐུག་རྒྱུ་ཡིན། །མགོན་དགྲ་ལྷའི་ཚེ་མདུད་ཁོང་ལ་སྤྲོད། །དུག་མི་ཐ་ཆུང་ལུ་གུ་དེ། །མཚོན་ལེབ་ཆེན་ངར་ལ་མ་དྲངས་ན། །གཞན་མིན་སུས་ཀྱང་ཐུབ་ལེ་མེད། །དཔའ་ལ་ཁོང་དང་ཐུག་རྒྱུ་ཡིན། །མགོན་དགྲ་ལྷའི་ཚེ་མདུད་ཁོང་ལ་སྤྲོད། །གསེར་ལྷ་དཔོན་པོ་གཡུ་ཁྲབ་ཅན། །ཐབས་ཞི་དྲག་འཛིང་སྐོར་མ་མཁས་ན། །སང་ཉིན་སུས་ཀྱང་ཐུབ་པ་མེད། །ཤན་པ་དཔོན་དང་ཐུག་རྒྱུ་ཡིན། །མགོན་དགྲ་ལྷའི་ཚེ་མདུད་ཁོང་ལ་སྤྲོད། །འཆི་མེད་ལྕགས་རྡོ་ནག་པོ་ཁོ། །སང་ཉིན་སུས་ཀྱང་ཐུབ་ལེ་མེད། །ང་ཚངས་པས་སྤྲུལ་པ་གར་རྒྱུགས་ཀྱི། །ཁ་ཁེར་གཞི་མ་མ་བྱུང་ན། །གླིང་གིས་འཛིན་པས་ཐུབ་པ་མེད། །འགྲན་མེད་བེར་ཐུལ་བཀའ་བློན་ཁོ། །ཁྱེད་རྒྱལ་པོ་མིན་པ་འདུལ་སྐལ་མེད། །དེ་ནས་གནངས་ཀྱི་ཉི་མ་ལ། །རྨུ་རྗེ་ས་ཐམ་རྒྱལ་པོ་ཁོ། །མྱ་ངན་ཁང་ནས་ཐོན་རྒྱུ་ཡིན། །ཁོའི་བློ་ཁ་ཚངས་པས་སྒྱུར་ལེ་ཡིན། །མཚོ་ནོར་བུ་འཁྱིལ་དུ་རྫིང་བུ་ལ། །སྡུག་མུན་པ་གསལ་བྱེད་སྡིག་འཁྲུལ་དུ། །ཐོ་ཐོག་བུ་གསུམ་དང་བཅས་པ། །དཔོན་གཡོག་ཉུང་ཧྲག་འགྲོ་རྒྱུ་རེད། །ཁྱོད་ཇོ་རུ་མ་སྡོད་དེ་རུ་རྒྱུགས། །དངོས་མེད་ཁུལ་གྱི་མ་ཐུབ་ན། །དངོས་ཅན་ཐུག་པས་ཐུབ་ས་མེད། །དངོས་མེད་ཁུལ་གྱི་དགྲ་འདུལ་གྱིས། །དེ་ནས་ཅི་བསམ་འགྲུལ་ལེ་ཡིན། །ལས་འཇིགས་པ་མེད་དོ་ཨ་ཕའི་བུ། །མི་ལ་སྲ་བའི་གོ་ཁྲབ་དང༌། །རྟ་ལ་མི་འགྱེལ་དཔུང་རྟེན་ཡོད། །དགའ་བོ་སྐྱིད་པའི་དགྲ་འདུལ་ཡིན། །སངས་རྒྱས་བསྟན་པ་ཚུགས་ངེས་ཡིན། །མི་འགྱུར་རྒྱལ་པོའི་ཐུགས་ལ་ཞོག །
ཅེས་གསུངས་ཤིང་ནམ་མཁའ་ལ་ཕེབས་སོ། །རྒྱལ་པོ་ཆེན་པོ་ཐུགས་དགའ་བ་དང་འཇིགས་པ་གཉིས་ཀའི་ངང་ནས་སང་ཉི་ཤར་ཙམ་དུ། དཔའ་རྟུལ་དེ་དྲག་ལྷ་གུར་དུ་བསྡུས་ཤིང་ཚངས་པའི་ལུང་བསྟན་བྱུང་ཚུལ་གསུངས་གླུ་འདི་བཞེངས་སོ། །
ལྷ་ཀི་ཀི་ཀི་ལ་སྭོ་སྭོ་སྭོ། །ཀི་ཀི་ལྷ་ཡི་སོྭ་བ་ཡིན། །ཀི་སོྭ་དཔའ་བོའི་སྡོང་གྲོགས་མཛོད། །གསོན་དང་གླིང་དཀར་དཔའ་རྟུལ་རྣམས། །ལྷ་ཆེན་ཚངས་པ་དཀར་པོ་ཁོང༌། །མི་དཀར་རྟ་དཀར་གོ་ཆ་དཀར། །སེམས་དཀར་གསུང་ཚིག་ཆོས་ཚིག་དཀར། །དཀར་པོ་དྲུག་གི་གྲལ་སྡེབ་དེ། །གླིང་དཀར་སྟོད་ལ་གཏད་སོ་རེད། །ད་ལོ་གླིང་དམག་སྒར་ཆེན་འདིའི། །ཅི་འདོད་བསམ་པ་འགྲུབ་ཡོང་གསུངས། །འཇང་ས་ཐམ་རྒྱལ་བློན་འཁོར་བཅས་རྣམས། །རྒོད་པོ་ལུང་དུ་མི་རན་ཡོད། །ད་འཇང་མིའི་དབང་ཐང་རྫོགས་ཡོད་གསུངས། །སང་ཉིན་ཉི་མ་རྩེ་ཤར་ལ། །གླིང་ལྷ་སྡེའི་དམག་སྒར་སྒར་ཆེན་ནས། །སྒར་མི་འདེབས་འཇང་དམག་བཅོམ་ནས་འགྲོ། །དེ་གྲགས་དཔའ་རྟུལ་རེ་རེ་ལ། །དགྲ་རེ་རེའི་གདོང་ཐུག་ཡོང་ལེ་ཡོད། །གསེར་ལྷ་དཔོན་པོ་གཡུ་ཁྲབ་ཅན། །སང་ཉིན་སུས་ཀྱང་ཐུབ་པ་མིན། །ཤན་པ་དཔོན་དང་ཐུག་རྒྱུ་ཡིན། །སྟང་མ་རང་ཚོད་ཐབས་མཁས་གྱིས། །འཆི་མེད་ལྕགས་རྡོ་ནག་པོ་དང༌། །འཇང་བློན་མིང་ཆེན་བེར་ཐུལ་གཉིས། །སང་ཉིན་དབང་ཐང་རྫོགས་པ་མེད། །མི་གཉིས་གར་རྒྱུགས་དོགས་ཟོན་གྱིས། །འཇང་གཡོན་མི་དར་ཆོས་ཁྲི་ཁོ། །དཔའ་མོ་རང་དང་ཐུག་རྒྱུ་ཡིན། །མདུང་མོ་རང་གིས་ཨེ་དྲོངས་ལྟོས། །དེ་ནས་དག་པ་ལྷ་རིགས་ཀྱི། །ཚེ་ལ་སྲ་བའི་མདུད་པ་གནང༌། །སྲོག་ལ་བརྟེན་པའི་འཁར་བ་མཛོད། །གོ་ཁྲབ་ལྷ་དམག་མདངས་སྟོང་མཛོད། །དེ་ནས་ས་ཐམ་རྒྱལ་པོ་ཁོ། །མྱ་ངན་ཁང་ནས་ཐོན་རྒྱུ་ཡིན། །དགྲ་འདུལ་ལུགས་ཅི་དགོས་ངེད་ཀྱིས་བྱེད། །ཁྱེད་རྣམས་སེམས་ལ་དེ་ལྟར་ཟུངས། །
ཞེས་གླུ་དེ་ལྟར་གསུངས་སོ། །དཔའ་རྟུལ་ལྷ་དམག་གི་མི་རྟ་རྣམས་ལ་ལྷ་ཡི་རིལ་བུ་དང༌། སྲུང་བ་རྡོ་རྗེའི་གོ་ཁྲབ་ཀྱིས་ཁྱབ་པར་གནང༌། དཔའ་རྟུལ་རྣམས་ཀྱིས་རང་རང་གིས་མངགས་པའི་ལས་ལ་ཐུགས་གཏད་ཅིང་དེའི་ཕར་རྒྱབ་ལ་ཤིན་བཟང་བས་གཟའ་སྐར་འཕྲོད་སྦྱོར་དགེ་བའི་དུས། འཇང་མི་རྣམས་ཀྱང་དེ་ནུབ་བློན་བེར་ཐུལ་དེ་ལ་རྨི་ལྟས་ཉེས་ཏེ་བློ་ཕུགས་མི་བདེ་བ་བྱུང་བ་དང༌། འཕྲལ་དུ་ཐམས་ཅད་སོ་སོ་ནས་རྟ་སྒ་བསྟད་ཅིང་གོ་ཆ་རྣམས་སྤྲས་ཡོད་པ་དང་མཉམ་དུ་ནམ་ལངས་པ་དང༌། གླིང་དམག་གིས་ཕྱོགས་བཞི་ནས་སྐོར་ཞིང༌། དང་པོ་ཤར་ཕྱོགས་སྲས་དགྲ་ལྷ་རྩེ་རྒྱལ་དང༌། བཀའ་བློན་འདན་མ་གཉིས་ལ་རྟ་དམག་གིས་སྐོར། ལྷོ་ཕྱོགས་ནས་གསེར་པའི་ཉི་འབུམ་དང༌། འོམ་པའི་དཔའ་སེང་གཉིས་ལ་རྟ་དམག་གིས་སྐོར། ནུབ་ཕྱོགས་ནས་མུ་སྤྱང་རིན་ཆེན་དར་ལུ་དང༌། འབྲུ་སྒ་སྡེ། ཁྲོ་ཐུང་བཅས་ལ་རྟ་དམག་གིས་སྐོར། བྱང་ཕྱོགས་ནས་དཔའ་ལ་དང་ཤན་པ། དཔའ་མོ་བཅས་རྟ་དམག་གིས་སྐོར། དེ་དག་གི་དབུས་སུ་འཛམ་གླིང་སེང་ཆེན་རྒྱལ་པོའི་སྤྲུལ་པ་རེ་རེ་བཞུགས་ཤིང༌། ཕྱོགས་བཞིའི་ནས་གླིང་གི་དཔུང་དམག་གང་ཡོད་རྒྱུགས་ཤིང་ཧྲིལ་གྱིས་འདྲེན་ནས་འཁྲུག་འགྲེལ་ཏེ་ཀི་ཁྱེར་དང་རྟ་རྡུལ་བར་སྣང་ཁེངས་པས་འཁྲུག་འཁྲུག་ལོང་ལོང་དུ་བྱེད་སྐབས་ནམ་ལངས་ནས་ཉི་མ་ཕྱེད་སླེབས་ཙམ་དུ། རི་ཀླུང་ཐམས་ཅད་ལ་བྲོས་པ་དང་བསྡད་པ་དང་བསད་པ་སོགས་བསམ་གྱིས་མི་ཁྱབ་པའི་བར་དེར། འཇང་རི་སྟག་སྣ་ཁྲ་བོའི་མར་ཞབས་སུ་གསེར་པའི་ཉི་འབུམ་དེས་འཇང་དམག་བྲོས་པའི་རྗེས་སུ་ལུག་ནང་དུ་སྤྱང་ཀི་ཤོར་བ་ལྟར་གསོད་ཅིང་འགྲོ་མུས། འཇང་གཞོན་ནུ་མདུང་ཐུང་ལག་རིང་དེས། གསེར་པའི་ཉི་འབུམ་གྱི་གདོང་བཀག་ཅིང་མདའ་མགོ་འཕུར་ནས་གླུ་འདི་བླངས་སོ། །
གླུ་ལེན་པ་དགུང་སྔོན་དབྱིངས་ནས་ལེན། །དགུང་སྔོན་ནམ་མཁའ་མི་ལེན་རྒྱུ། །མགོ་སྤྱི་བོ་གཏད་ས་ཁོང་ལ་ཞུ།་་་༌།ས་འདི་ས་ངོ་མ་ཤེས་ན། །འཇང་སྟག་རི་ཁྲ་བོ་མར་ཞབས་རེད། །ཡུལ་གྲུ་བཞི་ཕ་མལ་བུ་བཟུང་རེད། །ཕོ་ང་དང་ང་ངོ་མ་ཤེས་ན། །ཕོ་མི་འགྱུར་གཞོན་ནུ་ལག་རིང་ཟེར། །གཞན་མིན་ཕོ་དང་འདྲ་ལེ་མིན། །ལག་རིང་ཐོབ་པའི་གྲས་ལ་ཡོད། །གནམ་སྔོན་མོའི་རྒྱུ་སྐར་འབེབས་མི་ཡིན། །ཕྱི་རྒྱ་མཚོའི་གཏིང་ནས་དཀྲུག་མི་ཡིན། །སྟག་ཡེར་མོ་ལག་བཟུང་འདོན་མི་ཡིན། །འཇང་ཕྱི་གླིང་ནང་གླིང་བར་གླིང་གསུམ། །སྟག་མི་ཤ་ཟ་འདྲའི་བུ་མང་ཡང༌། །མི་ང་དང་འདྲ་བ་རེ་རེ་ཙམ། །ང་ལས་ལྷག་པ་གཅིག་ཀྱང་མེད། །ཁོ་རེ་གླིང་ཕྲུག་སེར་པོ་གཡབ། །མི་མ་འགྲས་མིག་དམར་འཁྱུག་ལེ་ཁྱོད། །ངོ་མ་ཤེས་ཡིད་རྩ་དཀྲུག་མི་ཁྱོད། །མི་མང་སྟེང་དུ་འགྲོ་འགྲོ་དེ། །ང་གཞོན་ནུའི་བུ་ལ་ཨེ་འགྲོ་མེད། །ཟིལ་དཀར་འབྲི་ལ་འཛིང་འཛིང་དེ། །བྲེ་སེར་འབྲོང་ལ་འགྲོ་མདོག་མེད། །ལ་ཆེན་གླིང་གི་དུར་དམག་འདི། །མ་བྱས་ལས་ལ་གཅིག་ཀྱང་མེད། །རྨུ་རྗེ་ས་ཐམ་ཕ་གཞིས་དེ། །ས་ནག་རླུང་གིས་བསྐྱོད་བསྐྱོད་བྱས། །ས་ཐམ་འཇང་དང་མཐོང་སྨོན་གླིང༌། །གནམ་སའི་ཁྱད་པར་ལོག་ས་མེད། །མངའ་ཐང་བྱས་ཀྱང་ས་ཐམ་ཆེ། །བསོད་ནམས་བྱས་ཀྱང་ས་ཐམ་ཆེ། །ཕྱི་རུས་པའི་བསེས་མཁར་གཏོར་བ་ཤོག །ནང་རྣམ་ཤེས་མར་མེ་དྲོངས་ལ་ཤོག །ཅེས་ཟེར་ཞིང་མདའ་ཞིག་བསྲུངས་བྱུང་བས། ཉི་འབུམ་གྱི་སྐུ་ལ་ཕོག་ཅིང་གསེར་ཁྲབ་དེའི་བྱང་བུ་ཁ་ཤས་གཏོར་ཀྱང༌། སྲུང་བ་རྡོ་རྗེའི་གོ་ཁྲབ་ཀྱི་མཐུས་སྐྱོན་མ་བྱུང༌། ཉི་འབུམ་གྱི་བསམ་པར། རྒྱལ་པོའི་གསུངས་བཞིན་ལྷ་མདའ་མིན་པས་མི་གསོད་དགོངས། གེ་སར་རྒྱལ་པོའི་ལྷ་མདའ་ཆ་གསུམ་ཡོད་པ་གཅིག་གཞུ་སྟེང་དུ་བཞག་ཅིང་མདའ་གླུ་ལྷ་སྐུལ་འདི་ལྟར་བླངས་སོ། །
གླུ་མཆོད་དོ་དགུང་སྔོན་ཕོ་བྲང་ནས། །ཚངས་པ་ལྷ་ཡི་སྡེ་ཚོགས་མཆོད། །དཔའ་སེང་འོད་ཀྱི་རྒྱལ་པོ་ནས། །དེ་རིང་དགྲ་སྲོག་རྩད་ནས་ཆོད། །ང་དང་ང་ངོ་མ་ཤེས་ན། །འཛམ་གླིང་བོད་ཀྱི་ས་ཆ་ནས། །གླིང་གེ་སར་ཨ་སྔོན་ཚུལ་དུ་ཡོད། །གསེར་འབུམ་ཉི་འོད་ཀུན་ལ་ཁྱབ། །ཕོ་ལོ་ཉེར་གཅིག་གོང་ང་ནས། །དཔའ་མེད་ཀྱང་གསེར་པའི་ཤོག་དཔོན་བྱས། །སྙིང་མེད་ཀྱང་གེ་སར་ཆོས་བློན་བྱས། །རྩལ་མེད་ཀྱང་གཡས་རུའི་དམག་དཔོན་བྱས། །ད་ནང་ཉི་མ་སྔ་དྲོ་ལ། །འཇང་དམག་སྒར་ཆེན་བཏབ་ལེ་དེ། །ཡར་དེད་རི་བོའི་རྩེ་ལ་དེད། །མར་དེད་ཆུ་བོའི་གཞུང་ལ་དེད། །བསད་པ་ལས་ཀྱང་རྨས་པ་མང༌། །རྨས་པ་ལས་ཀྱང་ལྕེབས་པ་མང༌། །ཐུག་རྒྱུའི་བུ་དང་ཨེ་ཐུག་བསམ། །བསམ་པས་དོན་དེ་འགྲུབ་ནས་བྱུང༌། །གསོན་དུ་བཏང་ན་ཉི་འབུམ་མིན། །ཁྱོད་ཕར་ལ་ཕྱི་བྲོས་མ་བྱེད་ཅིག །ང་གོམ་གང་ཕྱི་ལ་བྲོས་མདོག་མེད། །ལག་གི་མདའ་མོ་གསེར་ལྟོང་མ། །གླིང་གེ་སར་རྒྱལ་པོས་གནང་ལེ་ཡིན། །དེ་རིང་མི་འཕེན་དཀའ་མེད་རེད། །ཁྱོད་ལུས་སེམས་ཁ་ཁར་མ་བཏང་ན། ། ང་གསེར་པའི་ཉི་འབུམ་མིན་པའི་རྟགས། །གཞུ་ཡར་མཆོག་ལྷ་དང་སྲུང་མས་འཚོས། །མར་མཆོག་མ་དྲོང་ཀླུ་ཡིས་འཚོས། །འཆང་བཟུང་གེར་མཛོ་གཉན་གྱིས་འཚོས། །མདེལ་རྩེ་ཚ་ཚ་ཐེལ་ཐེལ་སོང༌། །ལྟོང་ཁ་དུ་བ་ཕྱུར་རེ་སོང༌། །གཞུ་སྐད་ནམ་མཁའ་འབྲུག་ལྟར་ལྡིར། །ཉི་མ་དེ་རིང་དཀར་ལམ་དུ། །ས་སྟེང་འདུག་རེས་འཁོར་ལོ་རེད། །
ཅེས་གསུངས་ཤིང་མདའ་བསྲིངས་པས། ཁོ་ཡི་བྲང་དཀྱིལ་དུ་ཕོག་ཅིང་གོ་ཁྲབ་སོགས་ཀྱིས་མ་བརྟེན་པར་རྒྱབ་ཕྱོགས་ནས་སྐྱ་སེང་ངེར་ཐོན། ཁོ་ཡང་རྟ་ཐོག་ནས་གན་རྐྱལ་ལ་འགྱེལ་ཞིང་ཟིང་ངེར་བྱུང༌། དེར་ཁོ་ཡི་མགོ་དེ་གོང་ལེན་དུ་ཁྱེར་ཅིང་འཇང་དམག་རྣམས་ཆག་ཉིལ་དུ་གཏོང་བ་དང༌། རི་ནག་སྤུང་པས་རི་ཐང་མཚམས་སུ་ནགས་མཐུག་པོ་ཡོད་པའི་ཐད་དུ། འདན་མ་དེས་འཇང་མི་གསོད་ཅིང་ནགས་གསེབ་ཏུ་གབ་པ་རྣམས་རིམ་པར་བཅོམ་པའི་སྐབས་དེར། དུག་མི་བཀྲ་ཤིས་ཐོག་འགྱུར་དེས་རྟ་དམར་རྫི་དེ་བཞོན་ནས་འདན་མའི་ཕྱི་བཞིན་བྱུང་བ་དང༌། རི་སྣ་ནག་ལོང་ལོང་ཡོད་པ་ཞིག་ཏུ་ཁ་ཐུག་བྱུང་བས། ཁོ་ཡིས་འདན་མ་མཐོང་བ་དང༌། གཏམ་ལན་སོགས་ཅི་ཡང་མེད་པར་གྲི་བཏོན་ནས་མཆོང་བྱུང་བ་དང༌། འདན་མས་ཀྱང་རྒྱལ་པོས་གསུངས་པ་དྲན་ནས་མདའ་གཞུ་སྟེང་དུ་བཞག་ནས་འདོམ་བཀང་ཞིང་བསྡད་པས། ཁོ་ཡང་ཐེ་མི་ཚོམ་པར་བྱུང༌། འདན་མས་མདའ་དེ་བསྲིངས་པ་དང་ཁོ་ལ་མདའ་རྨས་ཆེ་ཙམ་བྱུང་ཡང༌། ད་རུང་བྲོས་བློ་མེད་པར་ཚུར་བྱུང་བས། ཡང་མདའ་གཅིག་བསྲིངས་པས་དུག་མདའ་དེས་ཡ་ཐོད་དཔྲལ་བའི་དུང་ཕོར་ལིང་གིས་བཀོག་ཅིང་རྟ་ཐོག་ནས་ལྷུངས། འདན་མས་ཁོ་ཡི་མགོ་དར་འཕྲུ་བཅས་བླངས་ཤིང་ཁོ་རང་གི་རྟ་དེའི་གོང་དུ་བསྡམས་ནས་ཁྲིད་དེ་ཁོང་རང་གི་རྟ་རྔོག་ཕྱུག་དེ་གཡབ་ནས་ཡང་འཇང་མི་རྣམས་གསོད་ཅིང༌། དུས་དེ་ཙམ་ན་རི་ཐང་མཚམས་དེར་མཚལ་དམར་དེས་རང་ཤོག་འཕྲུ་དམར་ཅན་བརྒྱ་ཚོ་ཙམ་ཞིག་ཁྲིད་ནས་ཡོད་པ་དང༌། སྲས་དགྲ་ལྷ་རྩེ་རྒྱལ་དང་ཐུག    མཚལ་དམར་དེ་དམག་གི་ཁྲོད་ནས་རྒྱང་ཙམ་ཐོནཅིང་སྲས་དགྲ་ལྷའི་གདོང་བཀག་སྟེ་བྱུང་བ་དང་མདའ་རྒྱང་ཙམ་ནས་མདའ་གཞུ་སྟེང་དུ་བཞག་ཅིང་གཏོང་གཞན་ཅིང་ཡང་གཏམ་མེད་པར་གླུ་འདི་བླངས་སོ། །
གླུ་རེ་རེ་མི་ལེན་ཀ་མེད་རེད། །རེ་རེ་མ་བླངས་ཚོད་ཡོད་རེད། །སྐྱིད་ན་ཇ་ཆང་མཚར་གླུ་རེད། །སྡུག་ན་རང་སེམས་གསོ་གླུ་རེད། །ས་འདི་ས་ངོ་མ་ཤེས་ན། །རི་ནག་སྤུང་པའི་མར་ཞབས་རེད། །ང་དང་ང་ངོ་མ་ཤེས་ན། །མཚལ་དམར་དཔོན་པོ་ཁེར་སྐྱེས་རེད། །ཁོ་རེ་གླིང་ཕྲུག་དཀར་པོ་ཁྱོད། །ཁྱོད་སྣང་བ་མཐོ་བའི་མི་ཞིག་རེད། །ཝ་གྲ་ཡག་ཚང་དུ་མི་ཉལ་ལེ། །སྟག་དམར་པོའི་གདོང་དུ་ཅི་ལ་ཡོང༌། །ཁྱོད་གླིང་ཕྲུག་སྒར་ཆུང་མི་འཛིན་པར། །ང་མཚལ་དམར་གདོང་དུ་ཅི་ལ་འོང༌། །ཚེ་ཟད་བུ་ཞིག་ཡིན་ངེས་རེད། །ལས་དྲག་པོས་དེད་ལེ་ཡིན་ངོ་རེད། །ང་མཚལ་དམར་བུ་ཡི་ཁེར་སྐྱེས་ནི། །དགྲ་མི་ཐུབ་ཆམ་ལ་འབེབས་མི་ཡིན། །གཉེན་མ་ནུས་མཐའ་ནས་སྐྱོང་མི་ཡིན། །དཔའ་རྒྱ་སྟག་མི་ཤ་ཟ་མི་ཡིན། །སྟག་དམར་ཡག་ང་གཉིས་འདྲ་འདྲ་ཡིན། །མདེལ་རྩེ་དིང་རི་མི་རྒན་དེས། །ད་ལྟ་མི་དཀར་རྟ་དཀར་འདི། །དོན་སྣོ་བཅུ་གཉིས་བཏུབ་ལ་ཤོག། །དཔའ་སྟང་མ་རང་གིས་ལོན་ལེ་ཤོག །
ཅེས་ཟེར་ཞིང་མདའ་བསྲིངས་པས། སྲས་དགྲ་ལྷ་ཁོའི་གླུ་དེའི་ཚིག་ལ་ཐུགས་ཨེན་ཙམ་ཡེངས་པའི་སྐབས་ཁྲབ་སྟོད་སྨད་ཀྱི་མཚམས་སུ་ཕོག་ཀྱང༌། ནང་དུ་རྒྱལ་པོའི་དགྲ་ལྷའི་ཚེ་གོས་སྨུག་པོ་མནབ་ཡོད་པས་མདའ་ཡིས་མ་ཆོད། དེར་མདའ་དེ་ཕྱག་གིས་བཞེས་ཤིང་གྲི་ཡ་ཟི་སྐར་ཕྲན་དེ་བཏོན་ནས། ཡ་ཁོ་རེ་མཚལ་དམར་ཁེར་སྐྱེས་ཁྱོད། མ་གྲགས་དགུ་རུ་གྲགས་སོང་ཟེར། གཟུག་ནུས་མེད་པའི་མདའ་འཕེན་དེ། མདའ་རྒྱང་ནས་འཕེན་པའི་མི་ཞིག་མིན། གྲི་བཅར་ནས་དབྱུགས་པའི་མི་ཞིག་ཡིན་ཞེས་གསུངས་ཤིང༌། ངག་རྟ་རྩེད་གླུ་དཀར་མོ་ལ་དྲངས་ཏེ་གླུ་འདི་བླངས་སོ། །
དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བྱིན་རླབས་གཏེར་ཁ་འབྱེད་དུ་གསོལ། །དངོས་གྲུབ་བདུད་རྩིའི་ཆར་པ་ཕོབ། །རིགས་དྲུག་འཁོར་བའི་འདམ་ནས་དྲོངས། །ང་དང་ང་ངོ་མ་ཤེས་ན། །འབུམ་པའི་དགྲ་ལྷ་རྩེ་རྒྱལ་ཟེར། །གླུ་འདི་དང་གླུ་ངོ་མ་ཤེས་ན། །དགྲ་ལྷའི་རྩེད་གླུ་དཀར་པོ་ཟེར། །དགུང་ནས་ཤར་བའི་ཁྲི་གདུགས་དེ། །འཛམ་གླིང་རྒྱལ་པོ་གེ་སར་ཡིན། །འོད་ཡ་དཔུང་སྡེབས་བྱེད་མི་ལ། །དགྲ་ལྷ་ཆུ་ཤེལ་ཟླ་བའི་དཔེ། །དཔའ་རྟུལ་སྐར་ཚོགས་ཕྲ་མོ་ལ། །དབང་སྒྱུར་ཉི་ཟླ་གཉིས་ལས་མེད། །གླིང་བཞི་མུན་གསེལ་བདེ་ཐབས་ལ། །འོད་ཁྱིམ་ཉི་ཟླ་གཉིས་ལས་མེད། །ཁོ་རེ་འཇང་ཕྲུག་དམར་པོ་གཡབ། །སྨུག་པོ་གདོང་གི་ཕ་རྒྱུད་འདི། །དཔའ་ཡོད་མ་རེད་དཔའ་མེད་རེད། །ཁྱོད་མཚལ་དམར་ཡིད་ལ་དེ་ལྟར་ཞོག །
ཅེས་གསུངས་ཤིང་རྣོན་པོ་ཡ་ཟི་སྐར་ཕྲན་དེ་ཕྱར་ནས་ཆིབས་དཀར་འཇམ་ཡ་མེད་དེ་སྤྲིན་དཀར་རླུང་གིས་སྐྱོད་པ་ལྟར་བྱོན་པ་དང༌། ཁོ་ཡང་གྲི་བཏོན་ནས་མཆོང་བྱུང་བས། གྲི་ཁ་ཐུག་ཙམ་བྱས་པའི་མཐར་སྲས་དགྲ་ལྷས་གྲི་དབྱུགས་ཐེངས་གཅིག་ལ་ཁོ་ཡི་མགོ་འཕྲུ་དང་བཅས་པ་ས་ཁར་དྲུལ་ནས་བསད་དོ། །དེ་ཙམ་ན། དཔའ་ལའི་མི་སྤྱང་དེས་འཇང་མི་རྣམས་གསོད་ཅིང་ཡར་གཤགས་མར་གཤགས་ཀྱི་སྐབས་དེར། དུག་མི་ཐ་ཆུང་ལུ་གུ་དེ་དང་ཐུག་ཅིང༌། དུག་མི་དེས་རྒྱང་ཙམ་ནས་གྲི་མགོ་འཕུར། རྟ་ཁ་འཐེན་ནས། ཡ་ཁོ་རེ་གླིང་ཕྲུག་དཀར་པོ་གཡབ། ཕོ་རྒོད་དཔའ་མདོག་དེ་ཙམ་ཡིན། མང་དྲགས་ན་རང་སྲོག་སྐྱེལ་ལེ་ཡོང༌། ཟེར་ཞིང་གླུ་འདི་ལྟར་ལེན་པར་གདའོ། །
ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །དུག་མིང་ང་ལ་སྡོང་གྲོགས་མཛོད། །རྒོད་པོའི་བུ་ལ་དཔལ་མགོན་མཛོད། །ང་དང་ང་ངོ་མ་ཤེས་ན། །དུག་མི་ཐ་ཆུང་ལུ་གུ་ཟེར། །དཔའ་མི་འགྱུར་སྟག་གཟིག་སྤུན་གསུམ་ཡོད། །དགྲ་ལ་ཕྱར་ན་དུག་མི་ཡིན། །གཉེན་ལ་ངོམ་ན་དུག་མི་ཡིན། །རྒྱ་བོད་བར་ལ་གྲགས་ལེ་ཡིན། །དཔའ་ཁ་བྱས་ན་འགྲན་ཡ་མེད། །ཁོ་རེ་གླིང་ཕྲུག་དཀར་པོ་སྐྱ། །ཕོ་གསར་པོའི་རྒོད་རྒོད་དེ་ཙམ་ཡིན། །རྟ་གསར་པའི་མགྱོགས་མགྱོགས་དེ་ཙམ་ཡིན།  །རྔན་ཆེན་མ་བཏང་གཅིག་ཀྱང་མེད། །གླིང་ཕྲུག་མི་དཀར་རྟ་དཀར་ཁྱོད། །བྲག་རི་ཐོག་གི་གཏོར་འདྲ་ཞིག །མགོ་སྐེ་སྟང་མ་མ་བླངས་ན། །ང་དུག་མི་ཐོགས་པ་སྟོང་གཏམ་རེད། །ཁྱོད་དང་ང་རང་གཉིས་པོ་ནི། །བར་པ་སྐྱ་སེར་རླུང་ལས་མེད། །ཁྲག་མཐུང་དོག་མོ་ས་ལས་མེད། །ལྟད་མོ་ཨ་སྔོན་དགུང་ལ་ལྟོས། །མདའ་རྒྱང་འཕེན་བྱེད་པ་དར་དོགས་མེད། །གྲི་བཅར་ནས་རྒོད་པོ་སུ་རེད་ལྟ། །ཡང་མིན་ན་དགྲ་མགོ་ལོན་ལེ་བྱེད། །ཡང་མིན་ན་ཤི་བ་ཟེར་ལེ་བྱེད། །མ་བྱུང་ལོག་པ་དར་དོགས་མེད། །
ཅེས་གླུ་དེ་ལྟར་བླངས་ཤིང་གྲི་དེ་རྟ་ཡི་རྔོག་མ་ལ་ཕྱིས་ཕྱིས་དང༌། ཕྱར་ཕྱར་བྱེད་ཅིང་ཁོ་ཡི་གཏམ་ལན་ཞིག་ཡོད་སྲིད་བསམ་བསྡད་པས། དཔའ་ལས་མཚོན་ལེབ་ཆེན་གྲི་མགོ་འཕུར་ཞིང་སྨྲས་པ། ཁོ་རེ་འཇང་ཕྲུག་ཐ་ཆུང་ལུ་གུ་ཁྱོད་ལ་དཔའ་ཅི་འདུག་ཚོད་གཅིག་ལེན་ཡིན། དཔའ་གཏམ་དང་ཁ་པོ་ངོ་མི་ཚ་འམ། ང་དཔའ་ལའི་གླུ་ལ་ཚུར་ཉོན་དང་ཟེར་ནས་གླུ་འདི་བླངས་སོ། །
གླུ་རེ་རེ་མ་བླངས་ཀ་མེད་རེད། །སྐྱིད་ན་ཇ་ཆང་མཚར་གླུ་རེད། །སྡུག་ན་རང་སེམས་གསོ་གླུ་རེད། །ཕོ་ང་དང་ང་ངོ་མ་ཤེས་ན། །དཀར་ཡག་གངས་ཀྱི་དར་སེང་ལ། །གཡུ་རལ་གསར་དུ་ངོམ་དགོས་མེད། །ཙནྡན་ནགས་ཀྱི་རྒྱ་སྟག་ལ། །རི་མོ་གསར་དུ་ངོམས་དགོས་མེད། །བར་སྣང་མཐོངས་ཀྱི་གཡུ་འབྲུག་ལ། །ངར་སྐར་དགུང་དུ་གྲགས་དགོས་མེད། །མོན་འཇང་གཉིས་ཀྱི་ས་ཆ་རུ། །མི་འགྱུར་རྒོད་ཚང་ཁ་ལེབ་ནས། །མི་འགྱུར་དཔའ་ལའི་མི་སྤྲང་ཡོད། །ལྷོ་འཛམ་བུ་གླིང་གི་ས་ཆ་རུ། །དགུང་ནམ་མཁའི་ཁྲི་གདུགས་སེང་ཆེན་ལ། །བློན་མི་འགྱུར་རྒྱུ་སྐར་སྨིན་དྲུག་དེ། །ང་དཔའ་ལས་མ་གྲགས་ཡོད་དོགས་མེད། །རྟ་སྟོང་རི་བར་སྣང་རླུང་ཤུགས་ལ། །རྔོག་གནོན་མི་དཔའ་ལ་ང་ཙམ་ཡིན། །མཚོན་ལེབ་ཆེན་དགྲ་བོའི་ཤན་གྲི་ལ། །ལུང་སྒྱུར་མི་དཔའ་ལ་ང་ཙམ་ཡིན། །ཁྱོད་དུག་མི་ཐ་ཆུང་ལུག་གུ་ཁྱོད། །སྤྱང་དར་མའི་གདོང་གི་ལུག་ཆུང་ཁྱོད། །ཁྱོད་ང་རང་གཉིས་པོ་ཐུགས་ལེ་ཡིན། །མེ་ཆུ་དང་འཕྲད་ན་འཆི་བ་ཡིན། །ཁྱོད་ཚུར་བརྙས་གླིང་ལ་འགྲན་རྒྱུ་ལ། །ད་འགྱོད་ཅིང་ཨེ་འདུག་འཇང་ཕྲུག་ཁྱོད། །
ཅེས་པའི་གླུ་འདི་བླངས་སོ། །འཇང་དམག་རྣམས་འགའ་རེ་ཕྱིར་འགྱེལ། ལ་ལ་ནང་དུ་རུབ་ནས་ཟིང་ཟིང་ལོང་ལོང་གི་སྐབས་དེར། གཡོག་སེར་ཚ་རྐང་རིང་དང་ཁྲིམས་པ་གནམ་ལྕགས་མདེ་ལྔ་གཉིས་རེ་རེ་ནས་ཤོར་ན། ཤན་པ་དང་གསེར་ལྷ་གཉིས་ཐུག་ཅིང་དང་པོ་མདའ་འགྲན་བྱས་ཀྱང་ཐག་མ་ཆོད་དེ་ནས་མདུང་འགྲན། ཐ་མ་ཤན་པས་སྟང་མ་རང་ཚོད་ཀྱི་རྟ་དམར་ཆུང་ཁ་བསྒྱུར་ནས་བྲོས་པ་ལྟར་བྱེད། ཁོས་ཀྱང་འདེད་པ་ལྟར་གྱི་ངང་ནས་ཕན་ཚུན་དུ་གྱེས་སོ། །འཆི་མེད་ལྕགས་རྡོ་ནག་པོ་དེ་གླིང་གི་སྤྲུལ་པ་སྐྱེས་པ་མི་དཀར་རྟ་དཀར་དེ་དང་ཐུག་ཅིང་ལྕགས་རྡོས་གྲི་བཏོན་ནས་བྱུང་བས། སྤྲུལ་པ་དེ་བྲོས་པ་ལྟར་མཛད་ནས་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་འགྲམ། ཆུ་བོའི་གཞུང་ཐམས་ཅད་དེད་པས། ཟིན་ལ་ཁད་མི་ཟིན་ལ་ཁད་ཀྱི་ངང་ནས་ཐང་ཆད་ཡིད་མུག་པ་ལྟ་བུས་ཤོར་བ་གདའོ། །བཀའ་བློན་བེར་ཐུལ་དང༌། རྒྱལ་པོ་སེང་ཆེན་གྱི་སྤྲུལ་པ་དེ་ཉིད་མདའ་འགྲན་དང་མདུང་འགྲན་གྱི་འཛིང་ཁ་བྱེད་རྩིས་བེར་ཐུལ་གྱིས་མདུང་བསར་ནས་བྱུང་བས། སྤྲུལ་པ་དེས་ཀྱང་མདུང་བསར་ཞིང་མདུང་འཛིང་གིས་རྙབ་ཙམ་དང་མི་རྙབ་ཙམ་གྱི་ངང་ནས་ཕན་ཚུན་རེ་མི་ཁ་བས་སོ་སོར་གྱེས་སོང༌། དེར་གླིང་པ་རྣམས་སྒར་དུ་འདུས་ཞིང༌། ལས་གུར་མཐོང་བ་ཀུན་སྨོན་གྱི་ནང་དུ། རྒྱལ་བློན་རྣམས་བཞུགས་ཤིང་མདུན་དུ་ཇ་ཆང་གི་ལོངས་སྤྱོད་མང་པོ་སྒྲིག་ཅིང༌། འབྲུ་དཀར་དང་ཤ་མར་གྱི་སྡེར་ཁ་རྣམས་ཕུན་སུམ་ཚོགས་པས་འདོད་སྒུར་ལོངས་སྤྱོད་མཛད་བཞིན་གནས། འོན་ཀྱང་འཇང་མི་རྣམས་འདུས་ཤིང་ངུ་འབོད་དང་མྱ་ངན་ལ་གནས། ས་ཐམ་རྒྱལ་པོའི་ཐུགས་ལ་ཡ་གླིང་ངན་པས་གཡོ་འཕྲུལ་གྱིས་མི་བྱེད་པའི་ལས་གཅིག་ཀྱང་མེད། དགོངས་པ་འཁྲུག་པའི་སོ་སྒོ་ཚག་ཚག སྤྱན་དམར་ཁྱིལ་ཁྱིལ། དབུ་ཡི་མདུན་སྣེ་རྣམས་ནས་མེ་སྟག་དམར་སིལ་སིལ་བྱེད་ཅིང་སྨྲས་པ། འོ་ན་བློན་པོ་བེར་ཐུལ་བདེན། ཉི་མ་གཅིག་གི་གླིང་དམག་དེ་སྔས། དེ་རིང་གཡུལ་ཉེས་དེ་མ་བྱུང་ན་སང་ངས་གར་བྱས་བྱས་གཅིག་ཡིན། རྐང་འོག་གི་ཐལ་བར་མི་རྩི། དེ་སྐྱོན་མེད་ངས་དགྲ་ཤ་དྲོ་མོ་དང་དགྲ་ཁྲག་ཚ་མོ་འཐུང་ཐུབ་པ་བྱེད་ཟེར་ངར་བའི་ངང་དུ་བཞུགས་སོ། །དེའི་སང་སྔ་བར་རྒྱལ་པོ་ས་ཐམ་དེ་མྱ་ངན་ཁང་ནས་བཞེངས་ཤིང་ཕོ་བྲང་གི་དབུས་སུ་ཕེབས། སྐུ་ལ་དར་སྔོན་གྱི་ཆུ་དར་སྤྲིན་པའི་མདངས་རིས་དེ་གསོལ། དབུ་ལ་དུད་སྣེ་སྔ་རིགས་དཀར་པོའི་སྦྲུལ་མདུད་དེ་མཛད། ཕྱག་གདུབ་ཞབས་གདུབ་རྣམས་བརྒྱན་ཅིང་དྲག་པོའི་སྐུ་རུ་ཁྲོས་ནས། ཕོ་བྲང་གཡུ་འབྲུག་ཟིལ་པའི་ཡར་སྟེང་ནས་ཡར་གཟིགས་ཤིང༌། དབུ་སྤྲིན་གསེབ་དུ་སླེབས་འདྲ་ཞིག་བྱས་ནས། གསུངས་ཆེན་པོའི་གད་རྒྱང་གི་ངར་སྐད་ཀྱིས་གླིང་པ་རྣམས། སྙིང་རྗེ་ཁྲེལ་འདོད་ཀྱི་ཨ་བ་རེ། སྤྲང་ཉོག་སྦར་གང་འདི་ཅི་བྱས་ཀྱང་ལས་སླ་ཟེར་གླུ་འདི་བླངས་སོ། །
ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་ཀི་ཀི་སྭོ་སྭོ་འཇང་གི་ལྷ། །གནམ་ཐེལ་དཀར་པོ་ཐོག་རྒོད་དེ། །བཀྲ་ལམ་མ་མང་གྲོགས་ལ་བྱོན། །སྭོ་སྭོ་མཆོད་དོ་འཇང་གི་ལྷ། །བར་ཐེལ་ཁྲ་བོ་སྙིང་རིང་པོ། །བོས་པའི་དུས་སུ་རླུང་ལྟར་བྱོན། །བསྟོད་དོ་མཆོད་དོ་འཇང་གི་ལྷ། །ས་ཐེལ་ནག་པོ་ཀླད་མེད་པོ། །འབོད་པའི་དུས་སུ་ཐོག་ལྟར་འབེབས། །ཡུལ་གྲུ་བཞིའི་རྩ་བ་མི་འཛིན་པར། །གཏམ་ལུང་བསྟན་བཀྲ་ལག་ཅི་ཞིག་བྱེད། །དེ་རིང་ཡོད་ན་ཆས་ནས་ཤོག །ཕོ་ང་དང་ང་ངོ་མ་ཤེས་ན། །མ་གྲགས་དགུ་རུ་གྲགས་ལེ་དེ། །དེ་སྔ་ཉི་མའི་ཕན་ཆོད་དུ། །སྡུག་ལ་ཐང་ཆད་པའི་ལས་མཐའ་ལ། །བློ་མུན་པའི་ཁང་དུ་རང་སྡུག་སྒོམ། །སེམས་སྡུག་པའི་སྟེང་གི་སྙིང་ཚིམ་དང༌། །སྐེད་བཅད་པའི་སྟེང་གི་ཨག་བཅུས་དེ། །ཁོ་མི་ངན་འགོག་ཚ་ཇོ་རུས་དྲན། །འཇང་མཚལ་རའི་རྒོད་པོ་གང་ཡོད་དེ། །གཅིག་མེད་རྩ་བ་ཕུད་ནས་འདུག     །དེ་བྱས་དེ་ལན་སྤྲད་ངེས་ཡིན། །འཇང་ས་ཐམ་གཡོ་བ་མི་སྲིད་དེ། །གླིང་སྤྲང་ཉོག་དཔུང་གིས་བྲན་དུ་བཀོལ། །ང་རྒྱལ་པོ་ངར་རྒོད་ཤོར་བ་ན། །ཁོ་གླིང་པ་ཁྱི་ཤིག་སྦར་གང་རེད། །ལས་དུར་ཅིག་སྦུག་ཅིག་གླིང་ངན་ཁྱོད། །ངས་དེ་རིང་ཉི་མའི་དགོང་ཁ་རུ། །སྒར་ཁྲ་བོ་བཏབ་ཤུལ་མེད་ལེ་བཟོ། །ཁོ་ཇོ་རུ་མི་ཉག་ཉ་ཁ་བ། སྐེ་ཐག་ཐག་ལེ་ཁྲིད་ནས་འོང༌། །ཁོ་ཇོ་རུ་ལོན་ན་དེ་ཁས་ཆོག །དུག་མཚོའི་ནང་ལ་རྡོ་ལྟར་འཕེན། །སེམས་སྡུག་སྡུག་མི་དགོས་འཇང་སྡེ་རྣམས། །ལམ་མྱུར་དུ་མི་འཕྲོད་རྒྱལ་པོ་མིན། །བློ་ཡིད་གཉིས་འཛིན་ན་མི་སྡེ་མིན། །གཏམ་དེ་ལ་ཐམས་ཅད་བློ་སེམས་གཏོད། །ང་དེ་རིང་ཉི་མའི་སྔ་དྲོ་ལ། །སྡུག་མྱ་ངན་སངས་པའི་དགའ་དགའ་ལ། །ཁྲུས་བདུད་རྩིའི་རོ་མཆོག་མྱོང་དུ་འགྲོ། །ནས་དོ་ནུབ་དགོང་ཕྱོགས་ལ། །ལན་ཅི་འདུག་མི་སྡེའི་ཟུར་ནས་ལྟོས། །
ཅེས་ཟེར་ཞིང་གླུ་དེ་ལྟར་བླངས། བློན་བེར་ཐུལ་ཅན་གྱི་རྒྱལ་པོའི་དགྲ་ལན་འཕྲོད་ན་དེ་ལྟར་རང་གནང་དགོས། ཕྱིས་ལན་སྤྲོད་རྩིས་བྱས་རུང་བསམ་ཐོག་ཏུ་ཨེ་ཁེལ་རང་མི་ཤེས་ཟེར་ཞུ་བའི་སྐབས་དེར། གླིང་པ་རྣམས་ལ་ཁྲོ་ཐུང་གིས་སྨྲས་པ། གསོན་དང་གླིང་དཀར་རྗེ་བློན་རྣམས། ཡར་ལྟོས་དང་འཇིག་ངོ་ཨེ་འདྲ་འདུག འཇང་གཡུ་འབྲུག་ཟིལ་པའི་མཁར་སྟེང་དུ། རྫོང་མི་སྔོན་བདུད་པོ་འཇིག་ཏུ་རུང༌། ལུས་རྩལ་ཆེན་རི་རབ་ལྷུན་པོ་ཙམ། མགོ་མཐོན་པོ་ནམ་མཁའི་སྤྲིན་དང་འདྲེས། གླིང་རང་ས་བཟུང་ནས་མི་སྡོད་པར། མི་ཡེ་འདྲའི་གདོང་ལ་ཡོང་རྒྱུ་ཨང༌། ད་བྲོས་ན་ཐར་པ་མི་གདའོ། །ལས་ཅི་འདྲ་བྱས་ན་དྲག་རྒྱུ་རེད། ཟེར་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །བསམ་དོན་རང་གི་ཤུགས་བྱུང་རེད། །འབྲུ་དྲུག་ཚིག་གི་དཔྱོད་ཚུལ་རེད། །གསོན་དང་ཚོ་ཆེན་ལྷ་སྡེ་རྣམས། །སྐྱིད་སྡེ་ཡིན་ནམ་དུག་སྡེ་ཡིན། །རི་སྡེ་ཡིན་ནམ་ཀླུ་སྡེ་ཡིན། །བཟང་ངན་གང་ཡིན་མི་ཤེས་ཏེ། །ལྟོས་དང་འཇིག་ངོ་ཡེ་འདྲ་གདའ། །ན་ནིང་འཇང་ལ་སླེབས་ཚུན་ནས། །ལོ་ཟླ་དགུ་རུ་བསྒུག་ནས་སོང༌། །དོན་དམ་པ་འཆི་བ་བསྒུག་ལེ་རེད། །ཕར་ལ་བྲོས་ཀྱང་ཐར་དོགས་མེད། །འདིར་བསྡད་སྲོག་ལ་མི་དབང་འདུག །འཕུར་བསམ་གཤོག་རྒྱས་ལེ་མེད། །ས་འཛུལ་སྡེར་མོ་ཐོགས་ལེ་མེད། །གླིང་ཕུ་ནུ་སྟག་གཟིག་ཐང་གང་རེད། །འདྲེན་ནག་པོས་ཁྲིད་ལེ་ཨེ་རེད་ལགས། །ཡང་མིན་ན་སྨྱོ་བ་ཨེ་རེད་ལགས། །མི་ཡེ་འདྲའི་གདོང་ལ་སྒུག་རྒྱུ་ཨང༌། །གླིང་གེ་སར་ལྷ་ཡོད་ཁྲམ་པ་རེད། །སྔ་ཕྱིའི་ལུང་བསྟན་རྫུན་མ་རེད། །མི་མང་ཐོད་པའི་རི་མོ་ནི། །བྲིས་ལེ་མ་རེད་བསྐོས་ལེ་རེད། །བསྐོས་ཐང་ཐུར་ལ་བསྐོས་ལེ་རེད། །དཀར་བྲིས་མ་རེད་ནག་བྲིས་རེད། །ས་སྐྱིད་པོ་གླིང་དཀར་མཐོང་སྨོན་ནས། །དམག་བུ་རྟ་རང་མལ་མི་གནོན་པར། །སྲོག་དམར་པོ་སྐྱེལ་བའི་བང་མགྱོགས་དེ། །ལས་ཅི་ལྟར་རེད་བསམ་གླིང་དཀར་སྡེ །ད་བྱེད་ཐབས་ལར་གྱི་མི་འདུག་སྟེ། །འཆི་བདག་གཤིན་རྗེའི་ཁྲམ་ཁ་ནས། །བཟློག་ཐབས་ལར་གྱི་མི་འདུག་སྟེ། །འོན་ཀྱང་ཨ་ཁུའི་བསམ་ཚུལ་ལ། །ཚ་བོ་སེང་ཆེན་རྒྱལ་པོ་དང༌། །ང་རང་མ་བཞིའི་ཁྲོ་ཐུང་དང༌། །གསེར་པའི་ཉི་འབུམ་དར་ལུ་དང༌། །འོམ་བུའི་ཨ་ཁུ་དཔའ་སེང་དང༌། །མུ་སྤྱང་རིན་ཆེན་དར་ལུ་དང༌། །དགྲ་ལྷ་ཡང་ཚ་རྩེ་རྒྱལ་བཅས། །གཡོག་ཉུང་སྡུས་བཅས་ཏེ་བྲོས་ནས་འགྲོ། །མ་ཐར་བསད་ཀྱང་བྱེད་ཐབས་མེད། །དེ་མིན་གླིང་དམག་གང་ཡོད་དེ། །འཇང་མིས་འཁྱེར་ཀྱང་གང་དགའ་གྱིས། །ཆུ་བྲག་གཉིས་ལ་ཤི་ལྕེབས་གྱིས། །བྲོས་ནས་ཐར་པ་ཡོད་མདོག་མེད། །
ཅེས་ཟེར་ཞིང་འདར་བའི་ངང་ནས་གླུ་འདི་བླངས་པ་དང༌། གདོང་ག྄་ནེ་གོམས་པས། ཁྱོད་ཁྲོ་ཐུང་ཁ་ལ་ཐལ་བ་འཇུག འཇང་ས་ཐམ་མི་མ་འཕྲུལ་གྱི་རྒྱལ་པོ་ལ། རྟགས་དང་རྫུ་འཕྲུལ་ཐོགས་མེད་ཡིན། ཁྱོད་བྲོས་ཕ་དྲན་ཀྱང་ཐར་མདོག་མེད། ང་འཆི་བ་ཡིན་ཀྱང་བསྒུགས་ནས་སྡོད། བར་དོ་ཡིན་ཀྱང་རང་ལས་ཡིན། སྡེ་གླིང་པ་ངང་རྒྱུད་རིང་བས་ལན། ལྷ་གོང་མས་གླུ་བ་མི་སྲིད་སྙམ། ད་ནི་ལྷ་ཡིས་མ་ཐུལ་ན། འཛིང་ན་ཐུབ་པ་ཡོད་དོགས་མེད། མདའ་རྒྱབ་མདེའུས་ཆོད་དོགས་མེད། སྡེ་གླིང་པའི་དཔའ་རྟུལ་རེ་རེ་ལ། ཤི་སྲོག་གཅིག་ལས་ཡོད་དོགས་མེད། འཛམ་གླིང་རྒྱལ་པོ་ལྷ་རྒོད་ཀྱིས། དཔུང་མི་འགྱུར་ལྷ་གྲོགས་མ་བྱུང་ན། ཕོ་ཡེ་འདྲའི་གདོང་ཐུག་བྱུང་ཟེར་ན། ལག་མཛུབ་ཆུང་གཅིག་ཀྱང་ཐུབ་དོགས་མེད། ད་བྱ་བ་ཅི་བྱས་ལྷ་ལ་སྨོས། དེ་མིན་བྱ་ཐབས་ཅི་ཡང་མེད། ཅེས་ཟེར་ཞིང་ཐུགས་ཡིད་བདེ་བའི་ཚུལ་བྱེད། རྒྱལ་པོ་སེང་ཆེན་ཐུགས་ཡིད་འཇིགས་པས་ངང་ནས་གསུངས་པ། དཔའ་རྟུལ་རྣམས་ཉོན་དང༌། གླིང་པ་རྣམས་བྱ་བ་ཅི་ལ་ཐུག་རུང་བྲོས་ཐབས་མེད་གསུངས་ཤིང་གླུ་འདི་ལྟར་བཞེངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །འཇང་ཡུལ་ཞེ་ས་མཚལ་རའི་ཐང༌། །ང་དང་ང་ངོ་མ་ཤེས་ན། །འགོག་ཚ་གླིང་གི་ཇོ་རུ་རེད། །དམག་ཇག་གཉིས་ཀྱི་བསོད་ནམས་འདི། །རང་འདོད་རྒྱག་པ་མ་ཡིན་ཏེ། །དབུ་ནག་བོད་ཀྱི་བདེ་ཐབས་སུ། །བདུད་ནག་བསྟན་པ་བཤིགས་དགོས་བྱུང༌། །གནམ་འཁོར་ལོ་རྩིབས་བརྒྱད་མར་ཞབས་དང༌། །ས་པདྨ་འདབ་བརྒྱད་ཡར་སྟེང་ལ། །ལས་དྲག་པོའི་དགྲ་འདུལ་བྱེད་མི་དང༌། །མཐའ་སངས་རྒྱས་བསྟན་པ་འཛུགས་མི་དེ། །ང་ཇོ་རུ་མིན་པ་ཡོད་བསམ་མེད། །འོན་ཏེ་ཐོད་པའི་རི་མོ་ལ། །དགྲ་རེ་རེ་ཐུལ་ན་རེ་རེ་ལངས། །སེམས་ཐོག་ཏུ་འཁེལ་བ་མི་ཡོང་འདུག །རྨུ་རྗེ་ས་ཐམ་རྒྱལ་པོ་དེ། །ཐབས་ཞི་བས་འདུལ་དགོས་ལྷས་ལུང་བསྟན། །མི་སྡོད་རྒྱལ་པོ་ཐོན་ངེས་ཡིན། །དེ་རིང་འདུག་ན་དཔའ་བོ་རེད། །དེ་རིང་མེད་ན་ཁྱི་ཤི་རེད། །ཨེ་རེད་གླིང་དཀར་ལྷ་སྡེ་རྣམས། །
ཞེས་གསུངས་ནས་དགྲ་ལྷའི་གོ་ཆ་རྣམས་མདངས་བྲན། འདོ་བ་རྐྱང་པོ་ལ་སྒ་བརྒྱབ། གླིང་དམག་རྣམས་འདར་ཞུམ་ཞུམ་འཇིག་པའི་ཚུལ་དང་བཅས་པ་ཐམས་ཅད་སྨྲ་མི་ནུས་པའི་སྐབས་དེར། བློན་འདན་མས་གསུངས་པ། གླིང་པ་རྣམས་རྟེན་འབྲེལ་ཅི་ངན་གྱི་དགྲ་མ་མཐོ་བ་ཙམ་གྱིས་བྲོས་གཏམ་དང་འདར་སྐད་མ་བྱེད་དང༌། དགྲ་མཐའ་བཅོམ་པའི་སྐབས་སྙིང་མེད་ལྦུ་བ་ཐོན་འདྲ་དེ་ལ་ཅི་བྱེད་ཟེར་ནས་ངར་བའི་སྒོ་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་ལེན་པ་ཚངས་པ་ལྷ་ལ་མཆོད། །གླིང་གེ་སར་དབུ་འཕང་དགུང་ལ་བསྟོད། །ས་འདི་ས་ངོ་མ་ཤེས་ན། །ཞེ་ས་མཚལ་ར་སྨུག་པོ་རེད། །ང་འདྲ་ང་ངོ་མ་ཤེས་ན། །གླིང་མུན་པའི་རྒྱལ་རབས་མི་འགྱུར་གྱི། །བློན་མི་འགྱུར་འདན་མ་ཕོ་རབས་རེད། །གསོན་དང་ཚོ་ཆེན་ལྷ་སྡེ་རྣམས། །མ་གཡེངས་འདན་མའི་གླུ་ལ་གསོན། །ཨ་མཚར་བ་ལ་ཐང་མེད་ལེ་གྱིེས། །དགུང་ལ་གྲགས་པའི་གཡུ་འབྲུག་དེ། །མ་གཞིའི་དཔོན་པོ་ཁྲོ་ཐུང་རེད། །གསུངས་སྡུག་སྡུག་བོང་བུའི་ངར་སྐད་རེད། །ས་ལ་གྲགས་པའི་དཔའ་བོ་དེ། །མ་གཞིའི་དཔོན་པོ་ཁྲོ་ཐུང་རེད། །ཐབ་སྡུག་སྡུག་ཝ་བྲོས་ལ་ཐང་རེད། །གླིང་རུའི་ནང་གི་ཡ་སྙིང་དང༌། །དཔའ་གདུག་ཐོག་གི་ངར་རྒོད་མཐོ། །ཡིན་ངེས་སྟག་རོང་ཁྲོ་རྒྱལ་ཡིན། །སྡང་དགྲ་བོའི་ངོ་གདོང་མཐོང་བའི་དུས། །སེམས་ཁྲ་ཆུང་དབང་པོ་ཉམས་གྲབས་འདུག །ཡང་མིན་ན་དཔོན་པོའི་རྒོད་རྟགས་རེད། །ཡང་མིན་ན་ཁྲོ་ལུའི་སྔ་སྲོལ་རེད། །ཡང་མིན་ན་གླིང་པའི་བསོད་ནམས་རེད། །ང་མི་རྒན་བསམ་བློ་སྐོར་མགོ་ནི། །ཤི་ཡང་གླིང་རུའི་བྱུས་ལ་བསམ། །གག་ཀྱང་རྒྱལ་པོ་སླུའོ་བསམ། །དེ་རིང་མི་སྡོད་མཆོང་ངེས་ཡིན། །དར་འཕྲུ་ཅན་གྱི་ལས་དམག་དེ། །ང་འདན་མ་རང་གི་ལས་འོག་ཡིན། །གཡས་རུ་སྒར་སྣ་ཁྲིགས་སེ་ལོངས། །འདོ་བ་རྟ་ལ་གསེར་སྲབ་རྒྱུས། །བལ་གདན་གསེར་སྒ་ཁྲིགས་སེ་གྱིས། །སྔོན་མོའི་མཚོན་ལ་ངར་ཚ་ལོང༌། །ཤུབས་ཁྲ་ཡུ་ལུང་ཁྲིགས་སེ་གྱིས། །ཉག་ཕྲན་མདའ་ཡི་ལྟོང་དོང་ཁོལ། །རྒོད་སྒྲོ་མཚལ་དམར་ཁྲིགས་སེ་གྱིས། །མཆོག་དཀར་དར་གཞུ་མོ་རྒྱུན་དུ་སྒྲོན། །ཁྲབ་དཀར་ཚེ་མདུད་སྤུངས་སེ་གྱིས། །མཆོག་དཀར་དར་འཕྲུ་ལམས་སེ་གྱིས། །ཀི་གཅིག་འདན་མས་དགུང་དུ་གྲགས། །ཀི་གཉིས་སྔོན་པོའི་རྡུང་དུ་བྲན། །དེའི་རྗེས་ཐམས་ཅད་མཆོང་ལ་ཤོག །དགྲ་མ་ཐུབ་ཝ་བྲོས་བརྒྱབ་པ་ལས། །མགོ་ཁྲག་རལ་ཉི་ལི་བསད་ན་དགའ། །དེ་ཨེ་རེད་ཚོ་ཆེན་ལྷ་སྡེ་རྣམས། །
ཞེས་གླུ་དེ་ལྟར་བླངས་ནས་ངར་གྱིས་བསྐྱོད་ནས་མཆོང་ཚད་པའི་སྐབས་དེར། ས་ཐམ་རྒྱལ་པོ་དེ་ནི་བདུད་རྟ་མུན་པ་ཤུགས་ཅན་གྱི་གོང་དུ་ཐོན། ཐོད་ཐོག་བུ་གསུམ་དང༌། དེ་འོག་ཉུང་སྡུས་བཅས་ཁྲུས་བྱེད་པར་འགྲོ་རྩིས་ཐུམ་མེར་ལམ་དུ་བཞུགས། གླིང་པ་རྣམས་ཀྱིས་མཐོང་བ་དང༌། རྒྱལ་པོ་གེ་སར་གྱིས་གསུངས་པ། ད་ཅིས་ཀྱང་ལས་སླ་བར་ཡོང༌། ཁོ་རང་དབང་ཐང་རྫོགས་ཏེ་ཤི་ས་འཚོལ་བ་ཡིན། ངེད་མི་རྟ་གཉིས་འདི་མུས་ལམ་ལ་བསྐྱོད་ནས་ས་ཐམ་ཁོ་ཐུལ་ངེས་བྱེད། ཁྱེད་རྣམས་འདི་རིང་ཉི་མ་གོང་ཁ་བར་གོ་ཆོད་པར་མཛོད་འཇང་ས་ཐམ་འདུལ་བར་དཔུང་གི་དགོས་པ་མེད། ཐབས་ཞི་བའི་སྤྲུལ་པ་ཇི་སྙེད་ཀྱི་མ་ཐུལ་ན་ཐུལ་ཐབས་མེད་པས། འདན་མ་ཅིས་ཀྱང་སྡོད་གསུངས་ཞལ་ཏ་གནང་བས། འདན་མ་དེ་ཡང་བློ་ལྷོད་པ་ལྟ་བུའི་བག་ཕེབས། རྒྱལ་པོ་ཆེན་པོ་ཆིབས་ལ་བསྐྱོད་ནས་ཤུགས་ཀྱིས་འཇང་ས་ཐམ་རྒྱལ་པོའི་དྲུང་དུ་ཕེབས་ནས། གེ་སར་རྒྱལ་པོ་ནི། ཆིབས་རྐྱང་རྒོད་དེ་ཙནྡན་གྱི་ཤིང་དྲུང་དུ་སྤྲུལ་ནས་ནགས་གསེབ་ཏུ་བཞུགས། རྨོག་རྒྱལ་བའི་གླིང་གཞི་དེ་ཤིང་གི་འདབ་མར་སྤྲུལ། ཁྲལ་ཟིལ་པ་དེ་ཆུ་མིག་གཅིག་ཏུ་སྤྲུལ། འཁོར་གསུམ་དེ་མེ་ཏོག་ཚོམ་བུར་སྤྲུལ་ཏེ་བཞག རྒྱལ་པོ་ཉིད་ལྕགས་ཀྱི་སྦྲང་ཆུང་གཟུགས་མངོན་པ་ཙམ་ལ་གཤོག་པ་སྲབ་པ་ཞིག་ཏུ་སྤྲུལ་ནས་འཕུར་བྱོན་ཏེ། ས་ཐམ་འདུལ་ཐབས་ཅི་དྲག་དགོངས་པའི་ཚེ། མཚོ་སྨན་དེ་ཡང་དཀར་ཕྱོགས་ལ་དགའ་བས་རྒྱལ་པོ་དགྲ་འདུལ་ཕྱོགས་ལ་དགའ་བས་རྒྱལ་པོ་དགྲ་འདུལ་གྲོགས་ལ་སྔོན་དུ་ཞལ་གྱི་བཞེས་པ་བཞིན་གེ་སར་ཕེབས་པ་ཤེས་ཤིང༌། ཁྲུས་ཀྱི་རྫིང་བུ་མྱུར་སྟབས་སུ་འཁྲུགས་པས། ཁོ་པ་རྣམས་ཀྱང་ཐེ་ཚོམ་མེད་པར་ཁྲུས་བྱས་ནས་ཧུབ་གསུམ་འཐུང་བས་དང་པོ་དེ་ལ་མ་ཚུད། བར་པ་དང་བསྡེབས་ནས་སྦྲང་བུ་དེ་ཡང་ཆུད་ཅིང་བདུད་དེའི་ཁོག་པ་གེ་སར་ཕེབས་ཏེ་སླར་ཡང་ལྕགས་ཀྱི་སྤུ་གྲི་གདོང་ཁ་རེག་གཅོད་ཟེར་བར་སྤྲུལ་ནས་ལན་འགའ་དཀྲུག་པས། རྒྱལ་པོ་ས་ཐམ་དེ་ཕོ་ལྷང་སྲིད་ནད་ཀྱིས་ཐེབས་པ་ལྟ་བུས་ཡར་ལངས། མར་ཉལ། འགྲེ་ལྡོག་གི་ངང་ནས་རྒྱལ་པོ་གསུང་འཇལ་མ་ཐུབ་རུང༌། ཐུགས་ལ་མ་ངན་འགོག་ཚའི་འཕྲུལ་བྱུང་བ་དགོངས་ཤིང༌། གླིང་ཕྱོགས་སུ་མིག་ཧྲིག་ཧྲིག་དང་མཛུབ་མོ་སྟོན་པ་ལྟར་བྱེད་པའི་སྐབས་དེར། སྤུ་གྲི་དེས་སྙིང་དཀར་ནག་མཚམས་སུ་དཀྲུགས་པས་ཚེ་ལས་འདས་སོ། །དེར་ཐོད་ཐོག་བུ་གསུམ་དང་དེར་ཡོད་ཀྱི་མི་རྣམས་འདུས་ཤིང༌། མཆི་མ་ཤར་ཤར་དུ་ངུ་བ་དང༌། སྨྲེ་སྔགས་དང་འོ་དོད་ལན་དུ་མར་འབོད་ཀྱང་ཕན་པ་ནི་མ་བྱུང་བས་བྱ་ཐབས་དང་བྲལ་བས། གཞོན་ནུ་ཉི་མས་སྨྲས་པ། ད་ངུ་ཞིང་བསྡད་པས་ཅི་ཕན། ངེད་རང་རྣམས་འདིར་བསྡད་པའི་དོན་མེད། འགའ་ཞིག་དེར་བསྡད་གླིང་ངན་པའི་འཕྲུལ་མིན་པ་གཞན་འདི་འདྲ་ཅི་འོང༌། ཟེར་མཆི་མ་ནར་ནར་བྱེད་དོ། །གཞན་རྣམས་དེར་བསྡད། སྐྱ་མི་གསུམ་ཕོ་བྲང་ཕྱོགས་སུ་མངག་པ་འགྲན་དུ་སླེབས་པ་དང༌། འཇང་མི་རྣམས་ཀྱིས་མཐོང་ཞིང་འཇང་བཟའ་ཆོས་སྒྲོན་དང་བེར་ཐུལ་བཅས་སྙིང་མི་དགའ་ལྷང་ངེར་ཡོད་སྐབས་བེར་ཐུལ་གྱིས་སྨྲས་པ། མི་གསུམ་ཡོང་ལུགས་ལ་བལྟས་ན་གཏམ་སྙན་པོ་ཨེ་ཡོང་ཟེར་སྐབས་ཁོང་གསུམ་སླེབས་ཤིང་ངུ་འབོད་དང་སྨྲེ་སྔགས་ཀྱིས་སྨྲས་པ། བློན་ཚོགས་དང་མཛངས་མ་མེ་ཏོག་ཆོས་སྒྲོན། སྡུག་མཐའ་ནག་པོའི་གཏམ་རྒྱུ་ལ། དབང་པོའི་མིག་དང་ཁོག་པའི་སྙིང༌། རྗེ་རྒྱལ་པོའི་ཁོང་ཚོའི་འགྲམ་དུ་གཤེགས་ནས་ཡོད། འདི་བྱུང་འདི་བྱས་ནི་མི་ཤེས་སོ། །ཡུལ་མེད་གཏན་བྲལ་བྱུང་ནས་སོང༌། ཟེར་ཞིང་ངུ་བའི་སྨྲེ་ངག་འདོན། འཇང་བཟའ་ཆོས་སྒྲོན་དེ་ནི་ཐུགས་མུག་ཅིང༌། ཉི་ཟླ་གཟའ་ཡི་ཟིན་པ་ལྟ་བུ་ཡུད་ཙམ་དྲན་མེད་དུ་བརྒྱལ་བར་གདའོ། །དེར་རྒྱལ་པོ་སེང་ཆེན་ཀྱང་ཁོའི་ཁོག་ནས་སྦྲང་བུར་སྤྲུལ་ཏེ་ཕྱིར་ཐོན་པ་དང༌། མཚོ་སྨན་དེའི་ཤེལ་གྱི་བུམ་པ་དྲི་བཟང་བླུག་པའི་ཁྲུས་མཛད་ཅིང༌། ཆིབས་རྐྱང་རྒོད་ཡོད་པའི་ས་དེར་ཕེབས་ཏེ་ཆིབས་པ་དང༌། དགྲ་ལྷའི་གོ་ཆ་རྣམས་ཀྱང་རྫུ་བ་བཤིགས་ནས་རང་སར་བཞུགས། རྒྱལ་པོ་ཆེན་པོ་ཡུད་ཙམ་དེར་བཞུགས། ས་ཐམ་དེ་ཡང་དགྲ་རུ་སྐྱེས་རུང་སྟོང་པ་མཆོར་མེད་སྙིང་རྗེ་ཚད་མེད་འཁྲུངས་ཤིང་ཏིང་ངེ་འཛིན་གྱི་ངང་དུ་ཡུད་ཙམ་གནས། སླར་ཡང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཆིབས་ཀྱང་རྒོད་དེ་ཆིབས་ནས་ག་ལེར་ཕེབས་ཡོངས་སྐབས། འཇང་གི་དུག་མཚོ་དེའི་ཆུ་བྲག་འཐབ་པས་འཕྲང་ཆེན་པོ་ཞིག་ཡོད་པའི་ས་དེར། བེར་ཐུལ་ཅན་དེ་ཚུར་ཡོང་བ་དང་ཐུག་ཅིང༌། ཟུར་ས་སྣོལ་ས་མེད་པར་མཛུབ་མོ་སྤྲད་པ་ལྟར་བྱུང་བས། བེར་ཐུལ་དེས་སེང་ཆེན་ཡིན་པར་ཤེས་ཤིང༌། མྱུར་སྟབས་སུ་ངར་ལངས་ཞིང་ཨམ་གཙིགས་ཐམ་ཐམ་གཞན་མིན་གོ་ཆ་ནི་མེད། རལ་གྲི་ཟོར་ར་རེ་གཅོད་དེ་ཡོད་རུང་ཁོ་ལ་བརྒྱབ་པས་ནི་རྨ་མི་འོང༌། དེ་བས་ཤི་འཛིང་རང་བྱས་ཏེ། མཐར་དུག་མཚོའི་ནང་དུ་མཉམ་ཤི་ལས་མ་བྱུང་ཡང་དེས་ཆོག་སྙམ་ཞིང༌། དཔུང་པ་བརྫེས་ཏེ་རྟ་གསེར་རྒོད་ཁ་འཐེན་ཙམ་བྱས་ནས་འཆི་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་རེ་མི་ལེན་ཀ་མེད་རེད། །རེ་རེ་མ་བླངས་ཚོད་ཡོད་རེད། །སྐྱིད་ན་ལ་ཆང་མཚར་གླུ་རེད། །སྡུག་ན་རང་སེམས་གསོ་གླུ་རེད། །ཨ་ཀྱང་མཚར་གྱི་ཆེ་བ་ལ། །ཡིད་སྐྱོ་མོའི་གནས་ལ་འདུ་འབྲས་མེད། །སེམས་སྡུག་པའི་མུན་པ་སངས་དུས་མེད། །ལུས་བྲེལ་པས་དལ་དུས་ཡོད་དུས་མེད། །ཡིད་མུག་པའི་ཁོང་སྐྲན་འཇུག་མི་དེ། །ཁྱོད་མ་བྱས་ལས་ལ་གཅིག་ཀྱང་མེད། །སྟག་ཕྲུག་ནང་གི་འཛུལ་རེས་དེ། །དཔོན་ས་ཐམ་འདྲ་པ་གཏན་བྲལ་བཟོས། །མི་ངན་དུག་གི་ལོ་མ་ཁྱོད། །ཞེ་ངན་ཁ་ཏ་ནག་ཆུང་ཁྱོད། །ལྟས་ངན་འུག་པ་སེར་པོ་ཁྱོད། །མ་ངན་འགོག་ཚའི་ཇོ་རུ་ཁྱོད། །རྒོད་ངན་ཐུ་རུ་རྐྱང་ཆུ་ཁྱོད། །རྒོད་གཡེར་མགྱོགས་གཡེར་ཡོད་དོ་ཟེར། །འ་ཆེན་ཧོར་གྱི་རྒྱལ་པོ་དེས། །སྟོང་ཕོ་བོ་གྲི་རུ་དམར་གསོད་བྱས། །གདོང་ཆུང་མ་མདུན་ནས་བཙན་འཕྲོག་བྱས། །མཁར་བཟང་དྲུག་རྩི་གཞི་ས་རོ་བཟོས། །སྡེ་ཤོག་དྲུག་མུ་གེའི་ཡུལ་དུ་འགྲིམས། །ཕོ་རྒོད་ན་དེ་དུས་བབས་འབྲས་རེད། །མདའ་སྐྱེན་ན་དེ་དུས་ཁྲིག་ཁྲིག་རེད། །ས་ནག་པོའི་སྟེང་དུ་སོང་ལེ་ཁྱོད། །དེ་རིང་ཉི་མའི་གདོང་གང་ལ། །ཁྱོད་དང་ང་རང་གཉིས་པོ་ནི། །འཛིང་ལུགས་ཐབས་ལུགས་ཅི་འདུག་ལྟ། །ང་ཕྱི་ལ་གོམ་གང་བྲོས་དོགས་མེད། །ཤི་དང་གསོན་ལ་ཁྱད་པར་མེད། །ཁྱེད་ཐུག་རྒྱུའི་མི་དང་ཐུག་ལེ་ཡིན། །དུག་མཚོའི་ནང་དེར་མཉམ་ཤི་བྱེད། །
ཟེར་ཞིང་རྒྱལ་པོའི་ཕྱག་དཔུང་གི་སྟེང་ནས་བཟུང་ཞིང་དཀྲུགས་པས། ནང་དུ་གཡུག་གྲབ་ལན་གཉིས་བྱུང་བས། རྒྱལ་པོས་ལྷ་ལ་འབོད་པ་དྲག་པོ་འདི་ལྟར་མཛད། སྟེང་དག་པ་ལྷ་ཡི་ཞིང་ཁམས་ནས། འོད་ཚངས་པ་དཀར་པོ་དམ་ཚིག་ཅན། དགོངས་པ་ག་རུ་ཡེངས་ནས་ཡོད། དེ་རིང་སྐྱེ་བུའི་གྲོགས་ལ་བྱོན། དགྲ་མ་ཐུབ་ཆམ་ལ་འབེབས་རོགས་མཛོད། ཅེས་གསུངས་ཤིང་དབྱུགས་བློ་ཙམ་མཛད་པ་མ་གཏོགས། ལྷ་སྲིན་རྣམས་ཀྱི་མཐུས་ཁོ་འགྱེལ་བ་དང༌། རྒྱལ་པོ་གེ་སར་གྱིས་གྲི་གུ་གསེར་གཡར་སོར་གསུམ་དེ་བཏོན་ཅིང༌། ཡ་ཁོ་རེ་བདུད་ཕྲུག་བེར་ཐུལ་ཁྱོད། འཇང་ས་ཐམ་བློན་པོ་ཨེ་བྱེད་བསམ། ཕ་མའི་གཅེས་ཕྲུག་ཨ་མྱོང་ལགས། རྟ་འདོ་བའི་གོང་རྒྱན་ཨེ་འདོད་ལགས། ལྕགས་སྲོག་གྲུབ་བསམ་ཨེ་ཡོད་ལགས། རྒོད་བསམ་ན་ད་ལྟ་ལོང་ལ་ཤོག གྲི་ཟོ་ར་རེག་གཅོད་གཡུ་ལ་ཤོག དེ་མིན་ན་འགྱོད་པ་ཅི་འདྲ་འདུག མིག་ཧྲིག་གེར་རང་སྲོག་ཨེ་མཐོང་འདུག གསུངས་ཤིང་སྐེ་གཅོད་ཚད་པས་བྲང་དཀྱིལ་དུ་པུས་མོ་བཙུགས་ནས་བཞུགས་པས། ཁོ་ནི་ཚིག་པ་ལོང་ལོང་ཟ་བའི་ཚུལ་དང་ཨམ་གཙིགས་བསྡམས། མགོ་གུག་གུག་བྱེད་པ་མ་གཏོགས་བྱ་ཐབས་མེད་པས། རྒྱལ་པོས་ཁོའི་སྐེ་བཅད་དེ་མགོ་ལག་འཕྲུ་དང་བཅས་པ་རྟ་གསེར་རྒོད་འཕུར་ཤེས་ཀྱི་སྟེང་དུ་བསྡམས། རོ་དེ་དུག་མཚོའི་ནང་དུ་བསྐུར། རྒྱལ་པོ་ཉིད་ཆིབས་རྐྱང་རྒོད་ལ་ཆིབས། རྟ་གསེར་རྒོད་དེ་ཁྲིད་ནས་ཕེབས་ཅིང༌། རྗེ་བློན་ཐམས་ཅད་སེམས་བདེ་བས་ཁྱབ་པར་གྱུར་ཏོ། །འཇང་ས་ཐམས་ཅད་རྒྱལ་པོའི་ཕོ་བྲང་གཡུ་འབྲུག་ཟིལ་པ་དེའི་ཤར་ལྷོ་ནུབ་བྱང་བཞི་ནས་བསྐོར་ཏེ། ཤར་སྒོ་ལྷོ་སྒོ་གཉིས་རང་བཞིན་གྱིས་བྱེ་ནས་རྟ་དམག་ཤར། ནུབ་སྒོ་བྱང་སྒོ་གཉིས་བརྒྱབ་འདུག་པ་སྟ་གྲིས་བསྲེས་ཤིང༌། རྟ་དམག་ཤར་བས་འཇང་ཡུལ་གདན་གཞིས་ཅི་འདུག་གླིང་གི་ཟིན་ཅིང༌། སྲས་ཆུང་བ་གཡུ་ཁྲི་ནི་རེ་ཞིག་བཙོན་ཚུལ་མཛད། གཞན་ཡང་འཇང་ཡུལ་ཆེ་ཕྲ་ཆུང་གསུམ་གྱིས་སྤྲུལ་པའི་རྒྱལ་པོར་ཕྱག་འབུལ་བའི་ཆོས་འབངས་སུ་མཇལ་ཁ་འཁྱེར་དགོས་ཀྱི་བཀའ་འཕྲིན་རིན་ཆེན་འབར་བས་ཁྱབ་བར་མཛད་པ་དང༌། འཇང་ཕྱི་གླིང་ནང་གླིང་བར་གླིང་གསུམ་གྱི་སྐྱེ་རྒུ་མཐའ་དག་འདུས་ཤིང་ཆོས་འབངས་བྱེད་པའི་དམ་བཅས། རྒྱལ་མཆོག་ནོར་རུ་དགྲ་འདུལ་དེ་ཉིད་ཀྱིས་ས་འོག་རི་རྩེ། ཆུ་འགྲམ་མཐའ་དག་ལ། སངས་རྒྱས་བྱང་སེམས་ཀྱི་སྐུ་དང༌། གཟུངས་སྔགས་ཟབ་མོ་མཐའ་ཀླས་པ་བཀོད། མ་ཎི་དང་དར་ཆེན་དར་ལྡིང་གིས་ཁྱབ་པར་མཛད་ཅིང་དཀར་པོའི་རྟེན་བཞེངས་པ་ཐམས་ཅད་ཀྱི་སྐུ་ཞབས་དང༌། འཇང་སྡེ་དཀར་ནག་ཁྲ་གསུམ་གྱི་འགོ་འཛིན་དུ་གསེར་པའི་ཉི་འབུམ་དང༌། བློ་གྲོགས་སུ་དཔའ་ལ་དང༌། སྐུ་སྲུང་དམག་མི་ལྔ་བརྒྱ་སྐོར་འཇང་ཡུལ་དུ་ལོ་གཅིག་གི་བར་བཞུགས་པར་གདའོ། །དེར་རྒྱལ་བློན་རྣམས་ཀྱིས་འཇང་རྒྱལ་བློན་ཐུགས་ནས་ཟླ་བ་ཕྱེད་གསུམ་གྱི་རིང་ནས་རང་རང་གི་ཤོག་དང༌། རུ་གསུམ་གྱི་དམག་དཔོན་རྣམས་དང༌། དབུས་སུ་རྒྱལ་པོ་ཉིད་བཅས་གླིང་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར། གླིང་ཡུལ་དུ་དགྲ་ཐུལ་ཞིང་རྒྱལ་བློན་རྣམས་ཕེབས་པའི་གཏམ་སྙན་ཐོས་ནས། བླ་མ་དགེ་རྒྱལ་བསྟན་གསུམ་གྱིས་གཙོས་མཁས་བཙུན་ཕོ་མོ་རྣམས་དང་ཡབ་ཡུམ་མ་སྲུ། དཔོན་བརྒྱུད་བཅས་གྱིས་ཉིན་ལམ་གསུམ་གྱི་བར་བསུ་བ་བྱས་འཇང་ས་ཐམ་གྱི་ཕྱི་ཟོག་ནང་རྫས་རྣམས་ནས། ཆ་ཕྲན་བུ་ཙམ་འཇང་བཟའ་ལྕམ་སྲིང་གི་ཆེད་དུ་གནང༌། གཞན་རྣམས་ནོམ་དུ་བགོས་ཤིང༌། རྒྱལ་པོ་སེང་ཆེན་དང༌། སྲས་དགྲ་ལྷ་ལ་ནོམ་ཕུད་སྔར་ཧོར་ཡུལ་བཅོམ་པའི་སྐབས་ལྟར་དང༌། དཔའ་རྟུལ་རྣམས་ལའང་བཟང་ངན་ཕྱེད་མ་སྔར་བཞིན་བྱས། ཁྲོ་ཐུང་ལ་སྐལ་ལོག་སྤྲད། འཇང་བཟའ་ཆོས་སྒྲོན་དེ་ཡང་དཔའ་རྟུལ་གྲས་སུ་བཅུག དུས་དེ་ནས་བཟུང་གླིང་པ་རྣམས་དགྲ་ཐུལ་བའི་དགའ་སྐྱིད་བློ་བདེ་ཁོང་དུ་ཆུད་ཅིང་གཏམ་སྙན་གྱིས་ཁྲིམས་ཤོག་འདུ་གླིང་ཁམས་གསུམ་ཁྱབ་པ་དང༌། མི་རེས་གླུ་རེ་རྟ་རེས་བང་རེ་ངོམ་པའི་སྐབས་དེར། ཁྲོམ་ཆེན་གྱི་དབུས་ནས་སེང་ཆེན་རྒྱལ་པོས་བཀྲ་ཤིས་གཡང་ཆགས་པའི་མགུར་གླུ་འདི་ཁྲོམ་ཆེན་ཟིལ་གནོན་ལ་དྲངས་ནས་གསུངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་མཆོག་གསུམ་དཀོན་མཆོག་རིན་ཆེན་གསུམ། །ཞི་བ་ཁྲོ་བ་ཡི་དམ་ལྷ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །མ་དང་མཁའ་འགྲོ་དཔའ་བོ་ཡི། །ཕོ་བརྒྱུད་མོ་བརྒྱུད་ཆོས་སྐྱོང་ཚོགས། །དྲེགས་པ་སྡེ་ལྔ་བསྟན་པ་དང༌། །བོད་ཁམས་ཆོས་ལ་འགྱུར་བར་ཤོག །ནོར་གྱི་ལྷ་དང་གསེར་གྱི་གདན། །ཕྱོགས་སྐྱོངས་དཔལ་མགོན་བདུན་ཅུའི་ཚོགས། །སྲིད་པའི་ལྷ་ཆེན་རྗེ་འབངས་ལྷ། །བོད་ཁམས་ཆོས་ལ་འགྱུར་བར་ཤོག །བཀྲ་ཤིས་གནས་དེར་གཡང་དུ་ལེན། །བྱིན་རླབས་རྒྱུན་དུ་བཞུགས་པར་ཤོག །ཁྱད་པར་ཤར་ཕྱོགས་མདོ་ཁམས་གླིང༌། །བདེ་བར་བྱེད་པ་དཀར་པོའི་ཆོས། །མ་ཅིག་གུང་སྨོན་ཆོས་ཀྱི་སྒྲོན། །བཀྲ་ཤིས་གནས་དེར་གཡང་དུ་ལེན། །བྱིན་ཕྱགས་རྒྱུན་དུ་བཞུགས་པར་ཤོག །ཁྱད་པར་ཡུལ་ཁམས་མཐུན་བདེ་ཞིང༌། །སངས་རྒྱས་བསྟན་པ་དར་བར་ཤོག །བཀྲ་ཤིས་གཡང་ཆགས་གླུ་དོན་འདི། །ས་ཐམ་ཐུལ་བའི་དགའ་སྟོན་དུ། །སྐྱེས་བུའི་བློ་ལ་ཤར་ནས་བླངས། །ཕྱི་རབས་དུས་གསུམ་གསལ་ལེ་ཡང༌། །བཀྲ་ཤིས་ནམ་མཁའི་མཐའ་དང་མཉམ། །རྒྱུན་དུ་གནས་པའི་བཀྲ་ཤིས་ཤོག །དཔག་ཏུ་མེད་པའི་དགྲ་བཅོམ་རྣམས། །བྱོན་ནས་རྒྱུན་དུ་དར་བར་ཤོག །སེམས་ཅན་དོན་ཀུན་རབ་འགྲུབ་ནས། །རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག །ལྷ་བུ་དོན་གྲུབ་རྣམ་སྤྲུལ་ནི། །གླིང་གེ་སར་སྐྱེས་བུ་དོན་གྲུབ་ཡིན། །ཐུབ་བསྟན་འཛིན་སྤེལ་བདུད་བརྟུལ་ནས། །རིམ་བཞིན་བདུད་འདུལ་བཀྲ་ཤིས་ཤོག །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ཡི། །སྤྲུལ་བསྒྱུར་དཔའ་བརྟུལ་སུམ་ཅུ་རྣམས། །དཔའ་ངར་གཟི་བརྗིད་འབར་འགྱུར་ནས། །རྒྱུན་དུ་དར་བའི་བཀྲ་ཤིས་ཤོག །
ཅེས་གླིང་གེ་སར་དགྲ་འདུལ་གྱི་མཛད་འཕྲིན་གསུམ་པ། འཇང་ས་ཐམ་རྒྱལ་པོ་ཆམ་ལ་ཕབ་པའི་གཡུལ་འགྱེད་ཅེས་བྱ་བ་རྫོགས་སོ།། །།

གླེང་བརྗོད།
འཇང་གླིང་གཡུལ་འགྱེད། (ཚན་པ་དང་པོ)
འཇང་གླིང་གཡུལ་འགྱེད། (ཚན་པ་གཉིས་པ)

སྔོན་མ།
འཇང་གླིང་གཡུལ་འགྱེད།(ཚན་པ་དང་པོ)
ཕྱི་མ།
འཇང་གླིང་གཡུལ་འགྱེད།(ཚན་པ་གཉིས་པ)
Menu