ཟླ་རེའི་གསར་འགྱུར།

འབྱུང་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༡༤ ཟླ་༣ ཚེས༢༤ དང་༢༥ བཅས་ཉིན་གཉིས་རིང། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་འབྱུང་རིག་སྡེ་ཚན་གྱི་བསླབ་གཞི་རྩ་འཛིན་གྱི་གཏན་འབེབས་ཚོགས་འདུ་ཞིག་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་དང། ཤེས་རིག་ལས་ཁུངས་ཀྱི་བསླབ་གཞི་རྩ་འཛིན་བཟོ་འགོད་པ། སློབ་དེབ་རྩོམ་སྒྲིག་པ། སཾ་བྷོ་ཊ་དང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ཀྱི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་འབྲེལ་ཡོད་དགེ་རྒན་དང་ཆེད་མཁས་མི་སྣ་བཅས་ཚོགས་ཞུགས་གནང་ཡོད་པ་རེད།
    ཐེངས་འདིའི་ཚོགས་འདུའི་སྐབས་སྡེ་ཚན་ཆ་བགོས་ཀྱིས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ལོ་རྒྱུས་རིག་པ་དང། ས་ཁམས་རིག་པ། སྲིད་དོན་ཚན་རིག་བཅས་ཀྱི་བསླབ་གཞི་གཏན་འབེབས་དང། སློབ་ཚན་འཆར་འགོད་གནང་ཡོད་པ་མ་ཟད། གོང་གསལ་བསླབ་གཞི་ཁག་གི་ནང་བོད་ཀྱི་ལོ་རྒྱུས་དང།  བོད་ཀྱི་ས་ཁམས་རིག་པ། བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་སོགས། བོད་ཀྱི་སྲིད་འབྱོར་རིག་གསུམ་དང་འབྲེལ་བའི་ནང་དོན་མང་པོ་ཞིག་གསར་འཇུག་གནང་ཡོད།
    ཚོགས་ཐོག་འདི་ནས་གཏན་འབེབས་གནང་བའི་བསླབ་གཞི་རྩ་འཛིན་དེ་བཀའ་ཤག་ལ་མཐའ་མའི་གཏན་འབེབས་ཆེད་གོང་འབུལ་ཞུ་རྒྱུ་དང།  བཀའ་ཤག་ནས་གཏན་འབེབས་གནང་མཚམས་སློབ་དེབ་རྩོམ་སྒྱུར་གྱི་ལས་འཆར་རིམ་བཞིན་སྤེལ་འཆར་ཡོད་འདུག
    བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༠༨ ལོར་འགོ་འཛུགས་ཀྱིས་གཞི་རིམ་སློབ་གྲྭའི་བསླབ་གཞི་རྩ་འཛིན་དང་སློབ་ཚན་འཆར་འགོད་རིམ་པར་གནང་ཡོད་ཅིང། ཐེངས་འདིའི་གཞི་རིམ་གོང་མའི་འབྱུང་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་གནང་རྗེས།  དམའ་རིམ་ནས་འཛིན་རིམ་བཅུ་གཉིས་བར་གྱི་བསླབ་གཞི་རྩ་འཛིན་ཡོངས་རྫོགས་གཏན་འབེབས་ལེགས་གྲུབ་ཟིན་ཡོད་འདུག་པ་བཅས། །

སྔོན་མ།
བོད་པའི་སློབ་ཕྲུག་བུ་མོ་ཞིག་ལ་གསེར་གྱི་རྟགས་མ་ཐོབ་པ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་འགོ་འཛུགས་གནང་བ།
Menu