ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་སློབ་འཇུག་རྒྱུས་སྟོན་ཐེངས་བཅུ་གསུམ་པ་ཚོགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ རེས་གཟའ་ཕུར་བུའི་ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཉིན་གཅིག་རིང་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་སློབ་འཇུག་རྒྱུས་སྟོན་ཟབ་སྦྱོང་ཐེངས་བཅུ་གསུམ་པ་སྐོང་ཚོགས་གནང་།
སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་གི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། ཤེས་རིག་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས། དེ་བཞིན་སམ་བྷོ་ཊ་སྤོན་ཊ་གཏན་སློབ་དང་། སུ་ཇ་བོད་ཁྱིམ་སློབ་གྲྭ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ཁྱོན་སློབ་ཕྲུག་གྲངས་ ༢༨ ཟབ་སྦྱོང་དུ་མཉམ་ཞུགས་གནང་ཡོད།
ཐོག་མར་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཕེབས་བསུ་དང་སྦྲགས་རྒྱུས་སྟོན་ཟབ་སྦྱོང་གི་དམིགས་ཡུལ་སོགས་ངོ་སྤྲོད་གནང་མཚམས་སློབ་མ་ཚོས་རང་ཉིད་ངོ་སྤྲོད་མདོར་བསྡུས་རེ་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་རྣམས་ལ་སློབ་འཇུག་རྒྱུས་སྟོན་ཟབ་སྦྱོང་ཐེངས་ ༡༣ ཆགས་འདུག ཟབ་སྦྱོང་ནང་འཛུལ་ཞུགས་གནང་བ་དེ་ཧ་ཅང་ཡག་པོ་རེད། སོ་སོ་རང་ཉིད་ལ་མཚོན་ནའང་ཟབ་སྦྱོང་འདི་ལྟ་བུ་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། དེར་བརྟེན་ཟབ་སྦྱོང་དངོས་གཞིའི་སྐབས་ཐོག་ཏུ་ཕེབས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་ལས་དོན་ཇི་འདྲ་ཞིག་ཡིན་རུང་དུས་ཚོད་ལ་སྟངས་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། ཟབ་སྦྱོང་གང་འདྲ་ཞིག་ནང་འཛུལ་ཞུགས་གནང་ཡང་ཟབ་སྦྱོང་གི་སློབ་སྟོན་པ་སུ་ཡིན་མིན་ལ་མ་ལྟོས་པར་ཚོགས་བཅར་བ་རང་ངོས་ནས་སྔོན་ཚུད་གྲ་སྒྲིག་ཨང་གསར་དགོས་པ་གནད་འགག་ཆེན་པོ་རེད། སློབ་གྲྭའི་ནང་ལ་མཚོན་ན་མཐུན་འགྱུར་ཡག་ཐག་ཆོད་ཡོད། སློབ་གྲྭ་ཐོན་ནས་ཕྱིས་སུ་མཐོ་སློབ་ཁག་ཏུ་ཕེབས་སྐབས་སོ་སོ་རང་ངོས་ནས་འཕྲོད་བསྟེན་ཐོག་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ལྷག་པར་གཟབ་གྲུང་དགོས་པ་ཞིག་ནི་མཐོ་སློབ་འགྲིམ་སྐབས་ཐ་མག་ཉལ་ཐ་སོགས་མྱོས་རྫས་རིགས་རྩ་བ་ནས་ལོངས་སུ་སྤྱོད་མི་རུང་། འཕྲོད་བསྟེན་ཡག་པོ་མེད་ཚེ་སློབ་སྦྱོང་ཡག་པོ་བྱ་ཐབས་བྲལ། ཕྱོགས་མཚུངས་མི་གཞན་དང་མཐུན་གཤིབ་ཡག་པོ་དགོས།
ཕྱི་རྒྱལ་སློབ་ཕྲུག་རྣམས་ལ་མཚོན་ན། སློབ་གྲྭ་ཐོན་རྗེས་མཐོ་སློབ་སྐབས་འགྲོ་སོང་ཡོངས་རྫོགས་སློབ་མ་རང་ཉིད་ནས་ཐབས་འཚོལ་བྱེད་དགོས། འོན་ཀྱང་ང་ཚོ་བོད་མི་བཙན་བྱོལ་བར་མཚོན་ན་སློབ་གྲྭ་ཐོན་རྗེས་མཐོ་སློབ་ཏུ་སྐྱོད་སྐབས་སློབ་ཡོན་ཐོབ་ཀྱི་ཡོད། དེར་བརྟེན་སློབ་ཡོན་ཐོབ་པ་དེ་གཙིགས་ཆེར་བཟུང་ནས་བཀའ་དྲིན་བསམ་ཤེས་བྱེད་དགོས་སྐོར་དང་། བཀའ་བློན་མཆོག་ནས་ཀྱང་ད་ལྟ་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གཏོང་མཁན་ཚོའི་གྲུབ་འབྲས་གང་ལེགས་ཡོང་བའི་སྨོན་ལམ་ཡོད་སྐོར་གསུངས།
མཐར་ཤེས་རིག་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། ཐེངས་འདིར་ཟབ་སྦྱོང་མཐུན་འགྱུར་གནང་མཁན་སུ་ཝི་ཌན་རོགས་སྐྱོབས་ཐེབས་རྩ་ SOIR-IM ཡིན་འདུག་པ་བཅས།།

སྔོན་མ།
གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་མཇུག་སྒྲིལ་བ།
Menu