ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཐེངས་བཅུ་གཅིག་པ་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༠ ཉིན། འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་མཐོ་སློབ་ཁག་ནང་སློབ་འཇུག་ཇི་ལྟར་བྱ་ཕྱོགས་ཐད་རྒྱུས་སྟོན་ཐེངས་བཅུ་གཅིག་པ་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་དང་། ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། འབྲེལ་ཡོད་ལས་བྱེད། དེ་བཞིན་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་གྲངས་ ༥༠ ལྷག་ཙམ་ཚང་འཛོམས་ཐོག་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་གྱིས་ཕེབས་བསུ་དང་འབྲེལ་རྒྱུས་སྟོན་གྱི་དམིགས་ཡུལ་དང་འབྲེལ་བའི་གསུང་བཤད་གནང་དོན།
ད་རེས་རྒྱུས་སྟོན་འདི་ཐེངས་བཅུ་གཅིག་པ་ཆགས་ཀྱི་ཡོད། སྤྱིར་ཤེས་རིག་ལས་ཁུངས་ནས་ལོ་གཅིག་ནང་སློབ་གྲྭ་ཁག་གི་ནང་བྱེད་སྒོ་སྣ་མང་སྤེལ་བ་ལས་རྒྱུས་སྟོན་འདི་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པར་བརྟེན། ཕྱི་ཟླ་དང་པོ་དང་གཉིས་པའི་ནང་རྒྱུས་སྟོན་འགོ་འཛུགས་གྲུབ་པ་དང་། བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་བྱང་ཤར་སློབ་གྲྭ་ཁག་དགུ་ལ་བཅར་ནས་ཉིན་གཅིག་རིང་རྒྱུས་སྟོན་གནང་གྲུབ་པ་རེད། དེ་རིང་འདིར་རྒྱུས་སྟོན་འཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སློབ་ཕྲུག་མང་པོ་ཞིག་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་ཏེ་མདུན་ལམ་སློབ་སྟོན་པ་དང་འབྲེལ་བ་གནང་ཐུབ་ཀྱི་མེད་པར་བརྟེན། དབུས་མདུན་ལམ་སློབ་སྟོན་ཚན་པས་རྒྱུས་སྟོན་འདི་ཉིད་གོ་སྒྲིག་ཞུས་ཡིན།
ང་ཚོ་མདུན་ལམ་སློབ་སྟོན་ཚན་པ་དྷ་ས་དང་། དེའི་ཡན་ལག་ལས་ཁུངས་ཤིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཡོད། ཡན་ལག་ལས་ཁུངས་དེའི་ཕྱི་ཚེས་ ༡༨ ཉིན་མོན་གྷོ་འདོད་རྒུ་གླིང་དང་། ཕྱི་ཚེས་ ༡༩ ཉིན་སྦེལ་ཀོབ་ལུགས་བསམ། ཕྱི་ཚེས་ ༢༠ ཉིན་ཧོན་སུར་རབ་རྒྱས་གླིང་། ཕྱི་ཚེས་ ༢༡ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་རྒྱུས་སྟོན་གནང་བཞིན་ཡོད།
རྒྱུས་སྟོན་གོ་སྒྲིག་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཁྱེད་རང་ཚོ་ད་བར་སློབ་གྲྭ་ཁག་གི་ནང་སྒྲིག་འཛུགས་ཤིག་གི་འོག་ཡོད་པ་དང་། ད་ནས་འགྱུར་བ་འགྲོ་གི་ཡོད་སྟབས། སློབ་གྲྭ་ནས་མཐོ་སློབ་ཏུ་བསྐྱོད་རྒྱུའི་འགྱུར་འགྲོས་ཀྱི་དུས་ཚོད་འདི་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། གང་ཡིན་ཞེ་ན། ད་བར་ཁྱེད་རང་ཚོ་སྒྲིག་འཛུགས་ཤིག་གི་འོག་ཡོད་པས། འགན་ཕལ་ཆེ་བ་རྒན་ལགས་རྣམ་པ་དང་། ཁྱིམ་ཚང་གི་ཕ་ལགས་དང་ཨ་མ་ལགས་ཀྱིས་འཁུར་གནང་ཡོད། ད་ནས་སོ་སོའི་འགན་འཁྱེར་ཏེ་རྒྱ་གར་ནང་གི་མངའ་སྡེ་ཁག་ཉི་ཤུ་རྩ་དགུའི་ནང་སོ་སོའི་འདོད་མོས་ཡོད་པའི་མཐོ་སློབ་ནང་འཛུལ་ཞུགས་གནང་རྒྱུ་དང་། ཁ་ཤས་ཆེད་ལས་སློབ་སྦྱོང་གནང་ངེས་རེད། དེར་བརྟེན་མཐོ་སློབ་ཁག་སོགས་ཀྱི་ནང་སློབ་འཇུག་སླད་གྲ་སྒྲིག་གནང་དགོས་པ་མང་པོ་ཞིག་ཡོད། ལྷག་པར་མཐོ་སློབ་ཁག་ཏུ་ཕེབས་སྐབས་འགན་འཁུར་དགོས་པ་དང་། འཛིན་གྲྭར་ག་དུས་ཕེབས་དགོས་རྒྱུ་སོགས་ཀྱི་བརྒྱུད་རིམ་ནང་སེམས་ཁམས་དང་། དེ་བཞིན་བསམ་བློའི་ནང་མཐོ་སློབ་ཁག་ཏུ་ཕེབས་པར་གནས་སྟངས་མང་པོ་ཞིག་ལ་སྔོན་ནས་གྲ་སྒྲིག་དགོས་པ་དང་། མཐོ་སློབ་ལ་དངོས་སུ་ཞུགས་པའི་སྐབས་སུ་དཀའ་ངལ་ཁག་ལ་གདོང་ལེན་གནང་ཐབས་སོགས་ལ་གལ་ཆེན་པོ་བརྩིས་ནས་དེ་རིང་འདིར་འཛོམས་རོགས་གནང་ཞུས་པ་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སློབ་མ་རྣམས་ཀྱིས་རང་ཉིད་ཕན་ཚུན་ངོ་སྤྲོད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཀྱིས་འཚམས་འདྲི་དང་སྦྲགས། གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་གིས་དབུ་ཁྲིད་པའི་ཐོག་མར་བཙན་བྱོལ་ནང་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་པའི་དགོངས་བཞེད་དང་དམིགས་ཡུལ་གང་ཡིན་སྐོར། སློབ་ཕྲུག་རྣམས་ཀྱི་མི་ཚེའི་ནང་སོ་སོའི་དོ་དབྱིངས་དང་འབྲེལ་བའི་ཐོག་ནས་སློབ་ཚན་འདེམས་ཕྱོགས་དང་། དམིགས་ཡུལ་མ་ནོར་བ་ཞིག་ཡོང་ཆེད་ཁོང་སྒེར་གྱི་གཞི་རིམ་སློབ་གྲྭ་འགྲིམས་པ་ནས་སློབ་མཐར་ཕྱིན་པ། དགེ་རྒན་འོས་སྦྱོང་གནང་བ། དེ་ནས་སྲི་ཞུའི་ལས་བྱེད་གནང་བ་སོགས་ཀྱི་མི་ཚེའི་བརྒྱུད་རིམ་དང་སྐབས་དེ་དུས་ཀྱི་གནས་སྟངས་སོགས་ཀྱི་སྐོར་དང་། དེ་བཞིན་སློབ་ཕྲུག་རྣམས་ཀྱི་བསམ་བློར་འཇུག་བདེ་བའི་ཆེད་མཐའ་ཡས་པའི་༸གོང་ས་མཆོག་གི་བཀའ་སློབ་དེ་དག་ཚིག་རྐང་བཞིའི་ནང་བསྡུས་ནས་གསུང་སྲོལ་ཡོད་པ་བཞིན་དེ་རིང་ཡང་ཁོང་གིས་དེ་ལྟར་གསུང་བཤད་གནང་དོན།
དང་པོ། ཡ་རབས་བཟང་སྤྱོད་དང་ལྡན་པ། གཉིས་པ། བྱམས་བརྩེ་དང་ལྡན་པ། གསུམ་པ། ལྷག་བསམ་སྙིང་སྟོབས་དང་ལྡན་པ། བཞི་པ། དྲང་བདེན་དང་ལྡན་པ། ལྔ་པ། ཕྱི་ནང་ཤེས་ཡོན་དང་ལྡན་པ། དེ་ཚོ་ཁྱེད་རང་ཚོའི་དགོངས་པར་བཅངས་ན་ཡག་པོ་ཡོང་གི་རེད་བསམས་ཀྱི་འདུག མདོར་བསྡུས་ནས་བཤད་ན། རྒྱ་གར་མཐོ་སློབ་དང་ཕྱི་རྒྱལ་ཁག་གི་མཐོ་སློབ་ཁག་གི་ནང་འགྲིམ་མཁན་ང་རང་ཚོ་བོད་རིགས་སློབ་ཕྲུག་ཚོ་བོད་གཞུང་གི་སྐུ་ཚབ་ཅིག་ཆགས་ཡོད་བསམས་པ་དེ་ཐུགས་ལ་འཇགས་དགོས་པ་རེད། བོད་པ་རེད་བརྗོད་དུས་ཕྱི་མི་ཚོས་བསྔགས་བརྗོད་བྱ་ཡུལ་ཞིག་བཟོ་དགོས་པ་གལ་ཆེན་པོ་རེད། སོ་སོའི་སློབ་སྦྱོང་ཙམ་མིན་པར་ཀུན་སྤྱོད། མི་ལ་མཐུན་ལམ་བྱེད་སྟངས། རབ་བྱུང་ན་བོད་དོན་སྐོར་འགྲེལ་བཤད་བརྒྱབ་ཐུབ་རྒྱུ་དེ་དག་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་ཆགས་ཡོད། མི་སོ་སོར་འཇོན་སྟངས་དང་གནས་ཚད་ཐ་དད་ཡོད་ཀྱང་འཇོན་མིན་ལ་མ་ལྟོས་པར་བོད་སྤྱི་པའི་ལས་འགན་དེ་༸རྒྱལ་བ་ཡིད་བཞིན་ནོར་བུ་གཅིག་པུ་མིན་པར་ང་ཚོ་ཚང་མར་ཡོད་པ་ཞིག་ཡིན་སྟབས། ང་རང་ཚོ་ཚང་མས་འབད་བརྩོན་བྱ་དགོས་པ་རེད། དེ་མ་བྱས་ན་ང་ཚོ་ལས་རྒྱུ་འབྲས་སུ་འགྲོ་གི་མ་རེད།
ང་ཚོ་བོད་མི་ས་ཡ་དྲུག་ཡོད་པའི་ནང་ནས་མང་བ་དེ་བོད་ནང་ཡོད་པ་དང་། ཁོང་ཚོས་ང་ཚོར་རེ་བ་བརྒྱབ་ཀྱི་ཡོད། ང་ཚོ་སོ་སོའི་དོན་དག་རྐྱང་པའི་ཐོག་རང་སྣང་གང་དྲན་བྱས་པ་ཡིན་ན་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་ལས་རྒྱུ་འབྲས་འགྲོ་གི་མ་རེད། སོ་སོའི་འཇོན་ནུས་ཡོད་པ་དེ་ལྷག་བསམ་རྣམ་དག་གིས་ཐོག་ནས་མཐོ་སློབ་ག་པར་འགྲིམ་ཡང་ཐོག་མར་སོ་སོ་སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་དང་ཀུན་སྤྱོད། དེ་བཞིན་མིག་དཔེར་འོས་པའི་མི་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་རང་ཚོའི་སེམས་ནང་ཤེས་རིག་ལས་ཁུངས་ཀྱི་མི་མགོ་དཀར་པོ་ཅན་གྱི་སྤོ་ཏོ་དེས་དེ་འདྲ་ཞིག་ལབ་བྱུང་བསམས་པའི་སེམས་ནང་བཞག་རོགས་གནང་ཨང་། ཕྱི་ནང་ཤེས་ཡོན་གལ་ཆེན་པོ་ཡིན་པར་བརྟེན་དེང་སྐབས་ངོས་རང་ཤེས་རིག་ལས་ཁུངས་ནང་སྲོལ་རྒྱུན་སློབ་སྦྱོང་ཐོག་ཤུགས་ཆེ་བ་རྒྱག་མཁན་ཞིག་རེད། རྣམ་པ་ཚོའི་ནང་ནས་བོད་ཡིག་སྦྱང་པར་ཝ་ར་ན་སི་དང་སྨན་རྩིས་ཁང་བཅས་སུ་ཕེབས་ཐུབ་ན་ཡག་པོ་ཡོད། བོད་པའི་སྨན་དེ་དེང་སྐབས་རྒྱལ་སྤྱིའི་སྟེང་དོ་སྣང་ཤུགས་ཆེ་རུ་འགྲོ་གི་འདུག ངོས་རང་རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོའི་ནང་དོན་གཅོད་ཀྱི་མིང་ཞིག་འཁྱེར་ནས་ས་ཆ་མང་པོར་བསླེབས་ཚར་བ་རེད། ཕྱི་མི་ཚོས་བོད་པའི་རིག་གཞུང་དང་སྨན་སོགས་ཀྱི་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་འདུག སོ་སོའི་མི་ཚེར་ཆ་མཚོན་ན་ཆོས་ཚོགས་དེ་འདྲའི་ནང་ལས་ཀ་ཡག་པོ་དེ་འདྲ་རག་སྲིད་པ་ཞིག་རེད། ཁྱེད་རང་ཚོ་དེང་དུས་ཀྱི་སློབ་སྦྱོང་དང་ལྷན་དུ་བོད་པའི་རིག་གཞུང་ཐོག་བསླབ་པ་སློབ་གཉེར་བྱེད་ཐུབ་ན་ཡག་པོ་ཡོད། སོ་སོའི་དམིགས་ཡུལ་ལ་དཔག་པའི་སློབ་ཚན་བླངས་ནས་འབད་བརྩོན་བྱ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུང་བཤད་གནང་ཡོད། དེ་རྗེས་ཤེས་རིག་མདུན་ལམ་སློབ་སྟོན་པ་པདྨ་ནོར་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད།
ཐེངས་འདིའི་རྒྱུས་སྟོན་སྐབས་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་༼མཐོ་སློབ་ཀྱི་འགྱུར་འགྲོས་སམ། མཐོ་སློབ་སློབ་འཇུག་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་དང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་༼བཟང་སྤྱོད་ཤེས་ཡོན་དང་བོད་མིའི་ངོ་བོ།༽ཞེས་པའི་བརྗོད་གཞིའི་ཐོག ཤེས་རིག་མདུན་ལམ་སློབ་སྟོན་པ་པདྨ་ནོར་སྐྱིད་ལགས་ཀྱིས་༼སློབ་ཡོན་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག ཤེས་རིག་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་༼ལས་རིགས་སློབ་ཚན་ཁག་གི་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
༸གོང་ས་མཆོག་གིས་ཟབ་སྦྱོང་དུ་བཅར་བའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་དང་དགེ་རྒན་རྣམས་ལ་བཀའ་སློབ་སྩལ་བ།
ཕྱི་མ།
གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་།
Menu