ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་པའི་ཚན་རིག་སློབ་དེབ་བོད་སྒྱུར།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་༥ ཚེས་༢༡ ནས་༢༣ བར་ཉིན་གསུམ་རིང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་གོ་སྒྲིག་འོག  དྷ་ས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གཞི་རིམ་གོང་མ་འཛིན་རིམ་བཅུ་པའི་ཚན་རིག་སློབ་དེབ་གཏན་འབེབས་ཀྱི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་འདུག
    ཕྱི་ལོ་༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་ལག་བསྟར་འགོ་འཛུགས་གནང་བ་དང་ཆབས་ཅིག ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལག་བསྟར་ཆེད་ཕྱོགས་གཅིག་ནས་དཔེ་སྟོན་སློབ་གྲྭ་གསར་འཛུགས་དང་། དགེ་རྒན་འོས་སྦྱོང་། ཟབ་སྦྱོང་བཅས་ཀྱི་ལས་གཞི་ཤུགས་ཆེར་སྤེལ་བ་དང། ཕྱོགས་གཞན་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་དང། རིག་ཚན་སོ་སོའི་སློབ་དེབ་རྩོམ་སྒྲིག་བཅས་ཀྱི་ལས་གཞི་སྤྱི་དང། ཁྱད་པར་གཞི་རིམ་བར་མ་དང་གོང་མའི་ཚན་རིག་དང་། རྩིས་རིག སྤྱི་ཚོགས་ཚན་རིག་བཅས་ཀྱི་སློབ་ཚན་གཙོ་བོ་ཁག་བོད་སྒྱུར་རྩོམ་སྒྲིག་གི་ལས་གཞིར་དམིགས་བསལ་ཤུགས་བསྣན་ཏེ། འདི་ལོར་འཛིན་རིམ་བཅུ་པའི་ཚན་རིག་སློབ་དེབ་བོད་སྒྱུར་རྩོམ་སྒྲིག་ལེགས་གྲུབ་བྱུང་ཡོད།
     ཐེངས་འདིའི་ཚན་རིག་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་འདུའི་ཁྲོད། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་འགན་འཛིན་བཀྲ་ཤིས་དོན་གྲུབ་དང། ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྒྱལ་མཚན། དྲུང་ལས་ཆོས་འཕེལ་ལུང་རྟོགས། དྲུང་ལས་བུདྡྷ་་སྐྱབས། དྷ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ། སུ་ཇ་བོད་ཁྱིམ་ཚན་རིག་དགེ་རྒན་ཉི་མ་ཚེ་རིང། དྷ་སྟེང་བོད་ཁྱིམ་ཚན་རིག་དགེ་རྒན་དངོས་གྲུབ་བཅས་ཚོགས་ཞུགས་གནང་ཡོད།
    ཐེངས་འདིར་གཞི་རིམ་གོང་མ་འཛིན་རིམ་བཅུ་པའི་ཚན་རིག་སློབ་དེབ་བོད་སྒྱུར་བྱས་པ་འདི་ནི། བཙན་བྱོལ་ནང་དེང་རབས་སློབ་ཚན་གྱི་སློབ་དེབ་བོད་སྒྱུར་གནང་བའི་གནས་ཚད་མཐོ་ཤོས་སུ་གྱུར་ཡོད། སློབ་དེབ་འདི་ཉིད་འདི་ལོར་གཞི་རིམ་སློབ་གྲྭ་ཁག་ཏུ་རིན་མེད་འགྲེམས་སྤེལ་གནང་སྟེ། གཞི་རིམ་དགེ་སློབ་དང་དགེ་འོས་བཅས་ཀྱི་སློབ་སྦྱོང་དང་སློབ་ཁྲིད་ཀྱི་དཔྱད་གཞིར་འཛིན་རྒྱུ་ཡིན་འདུག
 

སྔོན་མ།
གཞི་རིམ་བར་མ་འཛིན་གྲྭ་བརྒྱད་པའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།
ཕྱི་མ།
བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་ཆིབས་སྒྱུར་བསྐྱངས།
Menu