ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་པའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དེ་སློབ་ཕྲུག་ཚོས་ལོ་གསར་པའི་ནང་ཕ་སྐད་གཙང་མ་བཤད་རྒྱུའི་དམ་བཅའ་དང་བཅས་མཇུག་སྒྲིལ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ གི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༩༩ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དབུས་པའི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ངག་དབང་རབ་རྒྱས་ལགས་དང་། གཞན་ཡང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་གཙོས་པའི་སྡེ་ཚན་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ། སློབ་གྲྭ་ཁག་གི་སློབ་སྤྱི་དང་ཚོགས་བཅར་བ་དགེ་སློབ་བཅས་མཉམ་འཛོམས་ཀྱིས་མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་གི་ལས་བསྡོམས་དང་ཕེབས་བསུའི་གསུང་བཤད་གནང་། དེ་རྗེས་སློབ་ཁག་རྣམས་སྡེ་ཚན་ལྔར་ཆ་བགོས་ཀྱིས་སྡེ་ཚན་སོ་སོའི་མགྲིན་ཚབ་པས་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་བའི་མྱོང་ཚོར་དང་བསམ་ཚུལ་གང་ཡོད་སྐར་མ་ལྔ་རེའི་ནང་གསལ་བཤད་གནང་གྲུབ་རྗེས་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་སྐབས་སློབ་ཁག་ཕན་ཚུན་དབར་སིལ་སྤོལ་དང་རྐང་སྤོལ་འགྲན་བསྡུར་ཐོག་མཉམ་ཞུགས་དང་ཕྱགས་རོགས་གནང་མཁན་གྱི་སློབ་གྲྭའི་དགེ་རྒན་ཁག་གཅིག་ལ་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་གཡོགས་ཏེ་དྲུང་ཆེས་གསུང་བཤད་གནང་དོན།
ཐོག་མར་ཐེངས་འདིའི་ཟབ་སྦྱོང་ནང་བཅར་བའི་དགེ་སློབ་རྣམས་དོ་སྣང་དང་གལ་ཆེ་བརྩིས་པའི་ཐོག་ནས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སློབ་ཕྲུག་རྣམས་ནས་ཟབ་སྦྱོང་ནང་རང་ཉིད་ལ་མཐོང་ཐོས་མྱོང་གསུམ་གང་བྱུང་བ་རྣམས་རང་ཉིད་ཀྱི་སློབ་གྲོགས་ཚོར་བཤད་པ་དང་ཕྱོགས་མཚུངས་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་གལ་ཆེ་ཡིན་སྐོར་དང་། དྲུང་ཆེ་རང་གི་མི་ཚེའི་ཉམས་མྱོང་དང་སྦྲགས་ནས་མི་ཚེ་དོན་ལྡན་ཞིག་ཡོང་བར་ང་ཚོས་མི་སྨོན་རང་སྐྱིད་ཅེས་པ་བཞིན་ང་རང་ཚོའི་མི་ཚེ་དེ་ཉིད་རང་གཞན་གཉིས་ཀར་བདེ་སྐྱིད་བསྐྲུན་ཐུབ་པའི་ངང་མི་ཚེ་ཞིག་བསྐྱལ་དགོས་པའི་བསླབ་བྱ་དང་། ལྷག་པར་སློབ་ཕྲུག་ཚོས་འཛམ་གླིང་འདིའི་སྟེང་སྐྱེས་ཆེན་དུ་མ་བྱུང་བ་དེ་དག་གི་ལོ་རྒྱུས་དང་གདམས་ངག་ལ་སློབ་སྦྱོང་བྱས་ཚེ་རང་ཉིད་ཀྱི་མི་ཚེ་དོན་ལྡན་ཡོང་བར་ཕན་ངེས་པ་སོགས་དང་། རྒྱུན་དུ་དྲུང་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་རྣམས་ཚིག་རྐང་བཞིའི་ནང་བསྡུས་ནས་ཡ་རབས་བཟང་སྤྱོད་དང་ལྡན་པ། བྱམས་དང་སྙིང་རྗེ་ལྡན་པ། ལྷག་བསམ་སྙིང་སྟོབས་དང་ལྡན་པ། དྲང་བདེན་དང་ལྡན་པ། ལྡན་པ་བཞི་ཞེས་དུས་རྒྱུན་རང་ཉིད་ཀྱི་རྒྱུད་ལ་འཇགས་ཐབས་དང་། དེ་ལྟར་འཇགས་རྒྱུའི་སྨོན་ལམ་འདེབས་ཀྱི་ཡོད་པ་འདི་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་དེ་ལྟར་སློབ་ཕྲུག་ཚོས་འབད་བརྩོན་བྱས་ན་ཐུགས་ཕན་གསོ་ངེས། དེ་བཞིན་འགོ་ཁྲིད་གྱི་ནུས་པ་ལྡན་པར་ཨིན་བོད་གཉིས་ཀྱི་དེབ་རིགས་ཁག་གཅིག་བལྟ་ཀློག་ཐུབ་ཚེ་ཕན་ཐོགས་ཡོང་ངེས་སོགས་ཀྱི་དོན་སྙིང་ལྡན་པའི་གསུང་བཤད་གནང་།
 དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སློབ་གྲྭ་སོ་སོའི་འགན་ཁུར་གནང་མཁན་དགེ་རྒན་ཚོར་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་དང་གསོལ་རས་གནང་གྲུབ་རྗེས་བཀའ་བློན་མཆོག་གིས་དགེ་སློབ་རྣམས་ལ་སྤྱི་ལོ་གསར་པར་འཚམས་འདྲིའི་དགའ་བསུ་དང་སྦྲགས་གསུང་བཤད་གནང་བའི་ནང་། བསམ་ཤོག་བསྡུ་ལེན་གྱི་གྲུབ་འབྲས་ནང་ཐེངས་འདིའི་ཟབ་སྦྱོང་དང་དེ་སྔོན་གྱི་ཟབ་སྦྱོང་གཉིས་ཧ་ཅང་མཚུངས་པོ་ཡོད་པར་བརྟེན་ཟབ་སྦྱོང་དེས་སློབ་ཕྲུག་ཚོར་ཕན་ཐོགས་ཀྱི་ཡོད་པ་དང་། དེ་ལྟ་བུའི་ཟབ་སྦྱོང་དེ་ཉིད་ཕན་ཐོགས་ཆེན་པོ་ཡོད་པར་བརྟེན་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན་པ། འགོ་ཁྲིད་ཅིག་ཆགས་པར་ཉམས་མྱོང་སོགས་རྒྱུ་རྐྱེན་མང་པོར་བརྟེན་ནས་ཆགས་པ་ཞིག་ལས་ལམ་སང་ཆགས་རྒྱུ་མིན་པར་བརྟེན་ཐེངས་འདིའི་ཟབ་སྦྱོང་དེ་ཉིད་སློབ་ཕྲུག་ཚོར་ས་བོན་ལྟར་བློ་སྒོ་འབྱེད་པ་ལྟ་བུ་ཞིག་ཡིན་པ་དང་། དེར་བརྟེན་ཐེངས་འདིའི་ཟབ་སྦྱོང་ནང་མཐོང་ཐོས་མྱོང་གསུམ་གང་བྱུང་བ་རྣམས་རང་ཉིད་ཀྱི་སྣང་མེད་དུ་མ་བཏང་བར་དེར་བསམ་གཞིགས་བྱེད་རྒྱུ་དང་། བསམ་གཞིགས་བྱས་པའི་འབྲས་བུར་ལག་ལེན་དངོས་སུ་བསྟར་དགོས་པ་ཡིན་སྐོར། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆ་མཚོན་ན་བོད་དོན་བདེན་མཐའ་དང་རིག་གཞུང་ཉར་ཚགས་སོགས་ཀྱི་འགན་ཁུར་ལྕི་མོ་ཞིག་ཡོད་པ་བཞིན་དེ་ཉིད་མུ་མཐུད་གནས་པར་གཞོན་སྐྱེས་སློབ་ཕྲུག་ཚོར་འགན་འཁྲི་ལྕི་མོ་ཞིག་ཡོད་པར་བརྟེན། ད་ལྟ་ནས་སྣང་བ་གཡེངས་ཏེ་མ་བསྡད་པར་རིག་པ་བསྒྲིམ་དགོས་པ་སོགས་ཀྱི་གསུང་བཤད་གནང་མཐར། བཀའ་བློན་མཆོག་གིས་སློབ་ཕྲུག་ཚོར་བསམ་ཚུལ་བཏོན་ཏེ་ལོ་གསར་པ་འདིའི་ནང་ང་ཚོ་ཚང་མས་བོད་ཀྱི་སྐད་ཡིག་དང་ལྷག་པར་ཕ་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱ་རྒྱུའི་ལོ་གསར་པའི་དམ་བཅའ་འཇོག་རྒྱུ་ཡིན་ནམ་ཞེས་གསུང་སྐབས། ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་ལོ་གསར་པའི་ནང་བོད་སྐད་གཙང་མ་བཤད་རྒྱུ་ཡིན་ཞེས་ཕྱི་ལུགས་ཀྱི་ལོ་གསར་པའི་དམ་བཅའ་ New Year Resolution བཞག་སོང་། དེ་རྗེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་ཟབ་སྦྱོང་རྒྱལ་ཁའི་ངང་མཇུག་སྒྲིལ་བ་བཅས། །

སྔོན་མ།
ཕྱི་དྲིལ་བཀའ་བློན་མཆོག་གིས་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐོག་སློབ་ཕྲུག་ཚོར་རྒྱལ་སྤྱིའི་སྟེང་བོད་དོན་འབྲེལ་ལམ་གནང་ཕྱོགས་སྐོར་གསུང་བཤད་གནང་།
ཕྱི་མ།
སྦེལ་ཀོབ་ཏུ་གཞི་རིམ་བར་མའི་ཚན་རིག་སློབ་དགེ་ཁག་གཅིག་ལ་རིགས་ལམ་སློབ་ཁྲིད་ཀྱི་ཐབས་ལམ་ཐོག་ནས་ཚན་རིག་སློབ་ཁྲིད་གནང་ཕྱོགས་ཐད་ཟབ་སྦྱོང་གོ་སྒྲིག་གནང་།
Menu