ཟླ་རེའི་གསར་འགྱུར།

འཛིན་རིམ་བདུན་པའི་རྩིས་རིག་སྦྱོང་དེབ་དང་འཛིན་གྲྭ་དགུ་པའི་རྩིས་རིག་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ་ལེགས་གྲུབ་ཟིན་པ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་གྱི་རིང་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཏན་འབེབས་བྱུང་བའི་གཞི་རིམ་བར་མ་དང་གོང་མའི་བསླབ་གཞིའི་རྩ་འཛིན་ལྟར་རྩོམ་སྒྱུར་ཞུས་པའི་འཛིན་གྲྭ་བདུན་པའི་སྦྱོང་དེབ་དང་། སྔ་ལོ་ཕྱི་ཟླ་ ༥ པའི་ནང་འཛིན་གྲྭ་དགུ་པའི་རྩིས་རིག་སློབ་ཚན་གཏན་འབེབས་མ་བྱུང་བའི་ལྷག་འཕྲོ་རྣམས་གཏན་འབེབས་ཚོགས་འདུ་ཚོགས་ཡོད།

ཐེངས་འདིའི་ཚོགས་འདུའི་དབུ་འཛུགས་ལ་ཤེས་ལྷན་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་སློབ་དེབ་རྩོམ་སྒྱུར་གྱི་དགོས་དམིགས་དང་། མ་འོངས་པར་ལག་བསྟར་གནང་ཕྱོགས་སྐོར་གསུང་བཤད་གནང་རྗེས། གཏན་འབེབས་ཚོགས་ཆུང་གི་ཚོགས་མི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། ཨང་རྩིས་དང་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་ཚེ་འཕེལ་ལགས། སམ་བྷོ་ཊ་བོད་སློབ་ཚོགས་པའི་ཨང་རྩིས་རྒྱུས་སྟོན་པ་ཚེ་རིང་མཚམས་གཅོད་ལགས། དྷ་ས་བོད་ཁྱིམ་ཨང་རྩིས་རྒྱུས་སྟོན་པ་བསོད་ནམས་རྒྱལ་པོ་ལགས། སིམ་ལ་སཾབྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་ལས་ཚབ་བམ་གཞི་རིམ་གོང་མའི་རྩིས་དགེ་ཟུར་པ་པདྨ་རྒྱལ་མཚན་ལགས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་རྩིས་དགེ་འཆི་མེད་དབྱངས་མཚོ་ལགས་བཅས་ལྷན་འཛོམས་ཀྱིས་འཛིན་གྲྭ་བདུན་པའི་སྦྱོང་དེབ་དང་འཛིན་གྲྭ་དགུ་པའི་རྩིས་རིག་སློབ་དེབ་རགས་ཟིན་ལ་གོ་བསྡུར་སྦྱངས་བཤད་བྱས་ཏེ།  སྣོན་འཕྲི་ཅི་དགོས་བྱས་ཏེ། འཛིན་གྲྭ་བདུན་པའི་སྦྱོང་དེབ་ཆ་ཚང་དང་འཛིན་རིམ་དགུ་པའི་སློབ་ཚན་གཉིས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་པ་དང་། ལྷག་འཕྲོས་རྣམས་འདི་ལོ་ཕྱི་ཟླ ༦ པའི་ནང་གཏན་འབེབས་གནང་རྒྱུའི་ཐག་གཅོད་བྱུང་ཡོད།

བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཏན་འབེབས་བྱུང་བའི་བསླབ་གཞིའི་རྩ་འཛིན་གཞིར་བཟུང་ཕྱི་ལོ་ ༢༠༡༤ ནས་བཟུང་གཞི་རིམ་འོག་མ་དང་བར་མའི་ཨང་རྩིས་སློབ་དེབ་དང་། སྦྱོང་དེབ་འཛིན་གྲྭ་དྲུག་པ་བར་རྩོམ་སྒྲིག་ཟིན་པ་དང་། འདི་ལོ་ཕྱི་ཟླ་ ༢ པའི་ནང་འཛིན་གྲྭ་བདུན་པའི་སྦྱོང་དེབ་པར་སྐྲུན་གྱིས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན།

ཐེངས་འདིའི་ཚོགས་འདུ་ལ་ཌེ་ན་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།

སྔོན་མ།
ཕྱི་ལོ་གསར་ཚེས་ལ་བྱིས་པའི་གླུ་གཞས་འགུལ་བརྙན་དང་སྒྲ་དེབ་གསར་པ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་གྲངས་ ༢༢ ལ་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu