ཟླ་རེའི་གསར་འགྱུར།

རིགས་ལམ་འདུ་འཛོམས་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢ ནས་ ༧ བར་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་བཞི་པ་བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་དུ་གོ་སྒྲིག་ཞུས་ཡོད་པ་དང་། རིགས་ལམ་འདུ་འཛོམས་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཚོགས་ཕེབས་གནང་ཞིང་། དང་ཐོག་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་རྣམས་ལ་འཚམས་ཞུ་དང་སྦྲགས་རིགས་ལམ་འདུ་འཛོམས་ཐེངས་བཞི་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་དོན་དུ།
    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྤེལ་གནང་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་བཀའ་སློབ་སྔ་རྗེས་ཕེབས་པའི་དགོངས་དོན་ལྟར། འདས་པའི་ལོ་ཤས་ནས་རང་རེའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དབུ་ལས་དང་ཆོས་དགེ་སློབ་ཕྲུག་བཅས་ནས་རིགས་ལམ་སློབ་སྤེལ་ཐད་ཚ་ཚ་འུར་འུར་གྱིས་ཕྱར་གྲུ་མཉམ་འདེགས་གནང་འབྲས་སུ། ད་ཆ་སློབ་གྲྭ་ཁག་གི་ནང་རིགས་ལམ་གྱི་རྨང་གཞི་གང་ལེགས་ཚུགས་བཞིན་ཡོད་པའི་སྐོར་དང་།  ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་བལ་ཡུལ་ཁུལ་གྱི་སློབ་གྲྭ་ཁག་ལྔ་དང་། རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་ལྔ་བཅས་སློབ་གྲྭ་ཁག་བཅུ་ནས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༥༠ དང་ཆོས་དགེའམ་ཆོས་དགེའི་ལས་ཚབ་བོད་དགེ་ ༡༡ ནས་མཉམ་ཞུགས་གནང་ཡོད་པ་སོགས་འདུ་འཛོམས་འདི་བརྒྱུད་ནས་སློབ་གྲྭ་ཁག་གི་རིགས་ལམ་སློབ་ཁྲིད་སྲ་བརྟན་དང་སློབ་ཚན་གཞན་རིགས་ལམ་བརྒྱུད་ནས་སློབ་ཁྲིད་ཐུབ་ཐབས།  གཞན་ཡང་སློབ་ཁག་ནང་ཁུལ་རིགས་ལམ་ཉམས་མྱོང་བརྗེ་རེས་གནད་སྨིན་ཡོང་ཐུབ་པའི་རེ་བ་ཡོད་ཚུལ་སོགས་འགྲེལ་བརྗོད་གནང་རྗེས། གོ་སྒྲིག་ཞུ་ཡུལ་ས་གནས་ཉིན་སློབ་ཀྱི་སློབ་སྤྱི་ས་རཱིན་ཀ་ཛཱི་ལགས་དང་། བསུ་ན་མདའ་དང་རྡོར་གླིང་ས་གནས་འགོ་འཛིན་གཅིག་ལྕོགས་སྐུ་ངོ་བསྟན་འཛིན་ཚེ་དཔག་ལགས་གཉིས་ནས་སྐུ་མགྲོན་རྣམ་པ་དང་ཕྱོགས་མཐའ་ནས་ཕེབས་པའི་དགེ་རྒན་སློབ་ཕྲུག་རྣམས་ལ་ཕེབས་བསུ་དང་སྦྲགས་བསུ་ན་མདའ་ས་གནས་སུ་རིགས་ལམ་འདུ་འཛོམས་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་ཐོབ་པར་ཤེས་རིག་ལས་ཁུངས་ལ་ཐུགས་རྗེ་ཆེ་ཞུས།
དེའི་རྗེས་སུ་རྡོར་གླིང་དང་ཀ་སྦུག་གཏན་སློབ།བསུ་ན་མདའ་ཉིན་སློབ་བཅས་ཀྱི་སློབ་མ་གཉིེས་རེ་ནས་དེང་རབས་ཤེས་ཡོན་ཐོག་རིགས་ལམ་རྟགས་གསལ་སྤྱན་འབུལ་ཞུས།
    དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་སློབ་ཕྲུག་རྣམས་ལ་རིགས་ལམ་ནི་རིག་པ་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་ཡིན་པས་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་སྦྱངས་འབྲས་ལེགས་ཐོན་ཡོང་བར་རིགས་ལམ་མེད་དུ་མི་རུང་བ་ཡིན་པའི་སྐོར་དང་། རིགས་ལམ་ནི་གཞུང་ཆེན་བཀའ་པོད་ལྔའི་ཡ་གྱལ་ཞིག་ཡིན་པ་དང་། ཚད་མ་རིག་པ་ནི་ཐོག་མར་རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་སློབ་དཔོན་ཆེན་མོ་དབྱིག་གཉེན་གྱི་ཚད་མ་རང་ལས་མཁས་པའི་སློབ་མ་སློབ་དཔོན་ཕྱོགས་གླང་དང་། དེའི་སློབ་མ་ཆོས་གྲགས་ལ་སོགས་པ་ནས་བརྒྱུད་པའི་གཞུང་ལུགས་གལ་ཆེན་ཞིག་ཡིན་པ་སོགས་རིགས་ལམ་གྱི་འབྱུང་ཁུངས་སྙིང་བསྡུས་དང་འབྲེལ་སློབ་མ་རྣམས་ལ་བཟང་སྤྱོད་དང་ཤེས་ཡོན་གལ་ཆེ་སྐོར་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང། 
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་རིགས་ལམ་འདུ་འཛོམས་དབུ་འབྱེད་ལམ་སྟོན་བཀའ་སློབ་ནང་བཀའ་ཤག་སྐབས་ ༡༤ པའི་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་གནས་ཚད་སྲ་བརྟན་གཏོང་རྒྱུར་བརྩི་བཞིན་ཡོད་པ་ལྟར། ཤེས་རིག་ལས་ཁུངས་ནས་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སུ་ལས་གཞི་སྣ་མང་གོ་སྒྲིག་ཞུ་བཞིན་ཡོད་པས་སློབ་ཕྲུག་རྣམས་ནས་གོ་སྐབས་དམ་འཛིིན་གནང་རྒྱུ་གལ་ཆེ་བ་དང་། བོད་ལ་ཆ་བཞག་ནའང་རྒྱ་མིའི་གཉའ་གནོན་འོག་ཡོད་ཀྱང་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རྣམས་རླབས་ཆེན་ཡིན་པས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ་རྒྱུ་དང་སྦྲགས། ང་ཚོ་རང་དབང་ལུང་པར་ཡོད་པ་རྣམས་ནས་ཀྱང་དེ་ལྷག་ལས་འགུལ་དང་ཤུགས་སྣོན་བསྐྱོན་དགོས་གལ།  གཞན་ཡང་བོད་མི་ཚོར་རྒྱལ་སྤྱིའི་ནང་མཐོང་ཆེན་དང་རོགས་སྐྱོར་ཤུགས་ཆེར་ཐོབ་དོན་ནི། སྤྱིར་༸རྒྱལ་དབང་རིན་པོ་ཆེ་ལྟ་བུའི་དབུ་འཁྲིད་དང་ཡང་སྒོས་རྒྱ་གར་འཕགས་པའི་ཡུལ་ནས་མཆེད་པའི་རང་རེའི་བོད་ཀྱི་ནང་ཆོས་དང་རིག་གཞུང་གི་བཀའ་དྲིན་ཉག་ཅིག་ཡིན། དེ་མ་ཟད་འཛམ་གླིང་ཁྱོན་ཡོངས་ནས་ནང་པའི་ཆོས་དང་རིག་གཞུང་ལ་དོ་སྣང་གནང་མཁན་ཇེ་མང་འགྲོ་བཞིན་པ་ལྟར་སློབ་མ་རྣམས་ནས་ཀྱང་སོ་སོའི་རིག་གཞུང་དང་སྐད་ཡིག་སྦྱང་བརྩོན་གནང་དགོས་པ་དང་དམིགས་ཡུལ་ངེས་ཅན་ཞིག་བཟུང་བ་ཡིན་ན་འགྲུབ་མ་ཐུབ་པ་གང་ཡང་མེད་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་།
མཐའ་དོན་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་སྐུ་མགྲོན་རྣམ་པ་གཉིས་དང་ས་གནས་འགོ་འཛིན། ས་གནས་སློབ་གྲྭའི་སློབ་སྤྱི་དང་དགེ་ལས་ཚང་མར་དབུ་འབྱེད་ཀྱི་མཛད་སྒོར་ཚོགས་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཕྱོགས་མཐའ་ནས་ཕེབས་པའི་དགེ་རྒན་སློབ་ཕྲུག་རྣམས་སྐུ་ངལ་འཛེམས་མེད་ཐོག་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་གནང་ཐུབ་པར་རྗེས་སུ་ཡི་རང་དང་། ལྷག་པར་དུ་བསུ་ན་མདའ་ས་གནས་ལས་ཁུངས་ཀྱི་ལས་དྲུང་ཚེ་བརྟན་ལགས་དང་། མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་པ་སངས་སྙིང་རྗེ། མཉམ་དྲུང་ཚེ་རིང་དབང་འདུས་ལགས་གཙོས་པའི་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཚང་མས་ཐེངས་འདིའི་རིགས་ལམ་འདུ་འཛོམས་སྐབས་མཐུན་འགྱུར་རོགས་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས་སོ། །
 

སྔོན་མ།
འཛིན་རིམ་བཅུ་གཉིས་སློབ་ཐོན་པའི་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཐེངས་བཅུ་པ་ཚོགས་པ།
ཕྱི་མ།
རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས།
Menu