ཟླ་རེའི་གསར་འགྱུར།

རྐང་ལམ་ཕྲ་མོ།

སྙན་རྩོམ།

དོན་གྲུབ་རྒྱལ།

ངའི་བསམ་པའི་བརྩེ་དུང་གི་རྩིག་ལྡེབས་ངོས་སུ་ལྷམ་མེར་བཀྲ་བའི་དྲན་འཛིན་གྱི་རི་མོ་སྟེ།     ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ཅིང། དུས་ཀྱི་ཆར་ཆུ་ཡིས་འཇིག་མི་ནུས་པ་ནི་ང་ཚོའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ་རེད། རྒྱུ་མཚན་ནི། རྐང་ལམ་ཕྲ་མོ་དེ་ནི་ངའི་ཕ་ཡུལ་གྱི་རྒྱུ་ལམ་ཉག་ཅིག་ཡིན་ལ། དུས་རབས་ཇི་འདྲ་མང་པོའི་རིང་ལ་མི་རབས་ནས་མི་རབས་བར་དུ་ལོ་རྒྱུས་ཀྱི་ཞབས་རྗེས་བགྲང་ལས་འདས་པ་ཞིག་ལམ་ཕྲན་འདིའི་སྟེང་དུ་བཞག་ཡོད་པ་དང། དཀའ་ཚེགས་ཆེ་ཞིང་རྩོལ་བ་བསྐྱེད་པའི་རྔུལ་ཆུ་ཇི་འདྲ་མང་པོ་ཞིག་རྐང་ལམ་འདིའི་སྟེང་དུ་སིམ་ཡོད་པ་རེད་ཨང་།
དེའི་ཕྱིར། ངས་རྐང་ལམ་ཕྲ་མོ་དེ་ཡིད་ལ་དྲན་ཐེངས་རེར། བསམ་པའི་དྲན་ཤེས་ཀྱི་ཡོལ་བའི་ངོས་ལ་འཆར་ཡན་གྱི་སྣང་བརྙན་མང་པོ་ཞིག་དབང་མེད་དུ་འཆར་འོངས་པ་དང། བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་ཀྱི་འགྲོས་སྙན་མོ་ཞིག་ངའི་ཐོས་འཛིན་གྱི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་དང་གློ་རྒྱུ་མའི་མཚམས་ན་ལྷང་ལྷང་དུ་གྲགས་པའི་སྣང་བ་སྟེར་ཅིང་མཆིས། ངོ་མ་དེ་ནི་ང་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་བའི་གནའ་སྔ་མོའི་དུས་ཀྱི་གཏམ་རྒྱུད་ཅིག་རེད། ཡིད་འཛིན་ཆེ་ཞིང་ཁ་བརྡ་ལ་དགའ་བའི་རྒན་རྒོན་དེ་དག་གིས་སོས་དུས་ཀྱི་ཉི་མ་འཕུད་ཐབས་བྱེད་སྐབས། སྐྱིད་སྡུག་གི་གཉེར་མ་ཤ་ཤུར་བབས་པའི་ནང་དུ་དགའ་སྐྱོ་འདྲེས་མའི་མིག་ཆུ་དང་བཅས་ཏེ། “གནའ་མི་གླེན་པ་དེ་ཚོ། ཨེ་ན། ས་རྩུབ་པོ་འདི་འདྲ་རུ་གཞིས་ཆགས་རྒྱུ་སེམས་ལ་ཇི་ལྟར་དྲན་པ་ཡིན་ནམ།” ཞེས་གདུང་སེམས་དང་བཅས་ཏེ་འཁང་ར་རེ་བྱེད་པ་དང། དེའི་མོད་ལ། སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེའི་སྐོར་ལ་ལབ་གླེང་བྱས་ཏེ་ཉི་མ་མ་ནུབ་བར་དུ་འདུག་པ་དང། སྐབས་རེར་ལྟ་བ་མ་མཐུན་པར་ཚིག་རྩོད་བྱེད་པའང་ཡོད།
“ཁྱོད་ཀྱི་ཅི་ཤེས། ང་ལྡོང་གི་རུས་ཆེན་བཅོ་བརྒྱད་ཀྱི་རྒྱུད་པ། བོད་རུས་བཞི་ཡི་ནང་ཚན། རུས་ཆུང་སྟོང་གི་ཡ་གྱལ། རུས་མཐུན་རྣམས་ཀྱི་ཐུ་བོ། ངའི་ཕ་མེས་ཡང་མེས་ཀྱི་རིང་ལ། ལྡོང་གཟུ་པ་དགེ་ལེགས་ཟེར་བས་ཆིབས་རྟ་ཁྱུང་ཆེན་ཟིལ་གནོན་ལ་ཞོན་ཏེ་དབྱངས་རྟ་རུས་ཆེན་མགོ་གནོན་བྱ་བ་བླངས་ནས་བརྒྱུགས་པའི་ཤུལ་ནི་མ་གིའི་རྐང་ལམ་ཕྲ་མོ་དེ་ཡིན།” ཞེས་རུས་ལྡོང་ཅན་གྱི་རྒད་པོ་དེས་ང་རྒྱལ་དང་བཅས་ཏེ་དེ་ལྟར་བཤད།
“ཨ་ཧ། ལབ་བརྒྱག་ན་ཁྱི་ལབ་མ་རྒྱག ཁྲ་ཆུང་མིག་གིས་མཐོང་བ་མེད་ཀྱང། དར་ལུང་རྣ་བས་ཐོས་ཚུལ་ལོས་ཡོད། མ་གིའི་རྐང་ལམ་ཕྲ་མོ་དེ་ནི། སྨུག་པོ་གླིང་གི་གདུང་རྒྱུད། གླིང་ལྷ་སྡེ་དཀར་པོའི་རྒྱལ་པོ། མ་སེང་ལྕམ་འབྲུག་མོའི་བདག་པོ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རྟ་རྐྱང་རྒོད་གཡེར་བ་བཅིབས་ཏེ་ཧོར་སྡིག་ཅན་བཤན་པ་རྨེ་རུ་རྩེ་སྐེ་ལྕགས་ཐག་ཤ་ལེར་ཁྲིད་པའི་ཤུལ་ཡིན།” ཞེས་སྒྲུང་པ་རྒད་པོས་བདེན་བདེན་ཅོག་ཅོག་གི་གཏམ་དེ་ལྟ་བུ་ཞིག་ལབ་བྱུང།
དེར་མཐུད་ནས་རྒན་རྒོན་རྣམས་ཀྱིས་ཀྱང་རང་གི་འདོད་ཚུལ་རྣམས་ལྷུག་གེར་སྨྲས་པ་དང། ལ་ལས་ལམ་ཕྲན་དེ་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲེའུ་བྱང་ཆུབ་སེམས་དཔའ་རི་པོ་ཏ་ལ་རུ་བསྒོམ་དུ་བཏང་བའི་ལམ་ཡིན་ཟེར། ལ་ལས་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་བྲོས་པའི་ཤུལ་ཡིན་ཟེར། འགའ་ཞིག་གིས་རི་དྭགས་རྒྱུ་བའི་ལམ་ཡིན་ཟེར་བས། རྐང་ལམ་ཕྲ་མོ་དེ་རྒན་རྒོན་རྣམས་ཀྱི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་ཏེ་ཐག་གཅོད་མ་ཐུབ།
རྒན་རྒོན་རྣམས་ཀྱི་ཚིག་རྩོད་དེས་ངའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་ནི་བཤད་མ་དགོས་མོད། འོན་ཀྱང། ད་ལྟའང་ད་དུང་རྐང་ལམ་ཕྲ་མོ་དེ་ངའི་མིག་ལམ་དུ་གསལ་ལེར་འཆར་བའི་རྒྱུ་མཚན་ནི་དེ་ཁོ་ན་ལ་རག་ལས་པ་ཞིག་ག་ལ་ཡིན། ཆར་པ་ཟིམ་ཟིམ་དུ་འབབ་པའི་ཉིན་ཞིག་ལ། ངས་ཐེངས་དང་པོར་དཔེ་ཁུག་ཁུར་ཏེ་ང་ཚོའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ་དེད་ནས་སློབ་གྲྭར་སོང་བ་ཡིན། རྐང་ལམ་ཕྲ་མོ་དེ་ནི་ང་ཚོའི་སྡེ་འདབས་ནས་ཐུར་དུ་སྐྱ་ཐག་གེར་ཡོད་ཀྱང། ཉིན་དེར་ཆར་པས་བྲན་པར་བརྟེན་སྣུམ་ཤིག་གེར། སྨུག་སེང་ངེར་འདུག ལམ་དཀྱིལ་གྱི་རྡེའུ་ཟེགས་རྣམས་བརླན་ཞིང་འཇམ་ལ། སྣུམ་ཞིང་འོད་འཕྲོ་བ་དང། ལམ་འགྲམ་གྱི་ལྗོན་ཤིང་ཐོར་བུ་དང། གྲ་མ་དང་ལྕང་མ་ལ་སོགས་པ་ཆར་རླུང་འཇམ་པོའི་གྲོགས་དང་བསྡེབས་ནས་དལ་བར་གཡོ་ཞིང་ཡོད་པས། རི་སྐེད་དུ་ཕར་གུག་ཚུར་ཡོན་གྱི་ཚུལ་དུ་ཡོད་པའི་རྐང་ལམ་ཕྲ་མོ་དེ་ལའང་སྲོག་གི་དབང་པོ་ཞུགས་ཏེ་གཡུ་འབྲུག་གསོན་པོ་ཞིག་འཁྱུག་ལྡེམ་བྱེད་པ་དང་ཨ་ན་མ་ན་རེད། དེར་བརྟེན། ང་རང་ཕ་ཡུལ་ལ་དགའ་བའི་འདུན་མ་ཞིག་བཅོས་མིན་དུ་སྐྱེས་འོངས་པ་དང། རྒན་རྒོན་རྣམས་ཀྱི་ཚིག་རྩོད་དེའང་དབང་མེད་དུ་དྲན་འོངས་པས། འགུལ་ཤེས་པའི་ལམ་ཕྲན་གསོན་པོ་དེས་ངའི་ཡིད་ལ་ངོ་མཚར་བའི་འཆར་སྣང་སྣ་ཚོགས་སྐྱེ་རུ་བཅུག རྐང་ལམ་ཕྲ་མོ་འདི་གཤགས་མཁན་ནི་ལྷ་མི་དང་བཅས་པའི་འགྲོ་བ་གང་ཞིག་ཡིན་ན་ཡང་ངོ་མ་རླབས་ཆེ་བ་རེད། གཡང་གཟར་བའི་བྲག་རི་ལྟ་བུའི་ངོས་ནས་ལམ་བཏོད་རྒྱུའི་བློ་སྐྱེས་པ་དེ་ནི་བློ་གྲོས་ཀྱི་དྭངས་མ་ཡིན་ལ། བློ་དེ་ལག་ལེན་དུ་བཏབ་པ་ནི་གསར་སྐྲུན་གྱི་ཉིང་བཅུད་རེད། གྱ་གྱུའི་རྐང་ལམ་འདི་ཁྱོན་དོག་ཅིང་ལ་གཟར་ལ་ཁུག་པ་མང་ན་ཡང། ཐེངས་དང་པོར་ལམ་ཕྲན་འདིའི་ཐོག་ཏུ་རྐང་རྗེས་བཀོད་པའི་གནའ་མི་དེའི་སྤོབས་པ་ཇི་འདྲ་མཐོ་ཞིང་སྙིང་སྟོབས་ཇི་འདྲ་ཆེ་བ་དང། ཐེངས་དང་པོར་ལམ་ཕྲན་འདི་དེད་ནས་རི་རྩེ་ལ་སླེབས་པའི་དཔའ་བོ་དེའི་བློ་རྒྱ་ཇི་འདྲ་ཆེ་ཞིང་མིག་རྒྱང་ཇི་འདྲའི་རིང་བ་ཞིག་རེད་ཨང། རྒྱུ་མཚན་ནི། གནའ་མི་དེས་མིའི་རྒྱུས་ཐོག་གི་ལམ་དང་པོ་བཏོད་པ་དང། དཔའ་བོ་དེས་མིའི་རིགས་ལ་འཚོ་བའི་ལམ་དང་མ་འོངས་པར་བགྲོད་པའི་ལམ་དང་པོ་གསར་གཏོད་མཛད་པ་རེད། ཡིན་ན་ཡང། ཁོང་གིས་ང་ཚོ་ལ་དཔའ་བོའི་མཛད་རྗེས་མ་གཏོགས་ཅི་ཡང་མ་བཞག་ལ། ཐ་ན་རང་གི་མཚན་ཡང་འཇོག་མ་འདོད་པར་ལོ་རྒྱུས་འཕེལ་འགྲོས་ཀྱི་ཆུ་ཀླུང་ཆེན་པོའི་བྱེ་མའི་ནང་དུ་སྦས་པ་རེད། ཁྲེལ་མེད་ཀྱི་མི་རྣམས་ཨ། ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཤེས་པ་ལས། དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་མི་བྱེད་པར་མ་ཟད། ད་དུང་འཁང་ར་དང་སྡང་སེམས་འཛིན་དོན་ཅི་ཡོད། ཁྱོད་ཀྱིས་གནའ་མིས་བཏོད་པའི་ལམ་འགྲམ་དུ་འཕོངས་བཞག་སྟེ་“གནའ་མི་གླེན་པ་དེ་ཚོ་”ཞེས་དམོད་པ་བོར་དུས་ཁྱོད་ཀྱི་སྙིང་ལ་ཙག་ཤད་ཅིག་མི་རྒྱུག་གམ།
ངོ་མ། ཁོང་ཚོས་ང་ཚོ་ལ་རྐང་ལམ་ཕྲ་མོ་ཞིག་མ་གཏོགས་འཇོག་མ་ཐུབ། ཡིན་ན་ཡང། ལོ་ངོ་ཁྲི་སྟོང་མང་པོའི་རིང་ལ། ལམ་ཕྲན་འདི་རྒྱ་ཇེ་ཆེར་དང་ཁོད་ཇེ་སྙོམ། ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་གླེན་རྟགས་ག་ལ་ཡིན། ཁོང་ཚོས་ང་ཚོར་བཞག་པའི་རྐང་ལམ་ཕྲ་མོ་འདི་ནི་རང་བཞིན་གྱི་ལམ་དཀྱུས་མ་ཞིག་མ་ཡིན་ཏེ། ལམ་ཕྲན་འདིས་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་མར་བསྐྲུན་ཏེ་རིག་དར་གྱི་བོད་རིགས་འདི་སྔོན་ཐོན་གྱི་རེ་རྩེར་བསྐྱལ་བ་དང། ལྔ་རིག་གི་གླེགས་མཛོད་ཀྱིས་ལྕགས་རི་བསྐོར་ཏེ་འཛམ་གླིང་གི་ཡང་རྩེ་ནས་ཁྱིམ་གཞི་བཙུགས་ཤིང། དེ་ནས་བཟུང་གདོང་དམར་བོད་ཀྱི་རུས་རྒྱུད་རྣམས་རྒྱུན་མ་ཆད་པར་དར་བ་ཡིན། ཁྲེལ་ཡོད་ཀྱི་མི་རྣམས་ཨ། ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཕོད་པར་མ་ཟད། དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་ཀྱང་མཛད་ཡོད་མོད། འོན་ཀྱང་ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་དང་མཁས་མཛངས་ཀྱི་བློ་གྲོས་ལ་སློབ་སྦྱོང་མི་བྱེད་པའམ་ཡང་ན་བྱེད་མི་མཁས་པར། རྨོངས་ཚོད་ཀྱི་སྒོ་ནས་དཔའ་བོའི་མཛད་རྗེས་རྣམས་ངག་གི་ཕྲེང་བར་ཟློ་བ་ཙམ་གྱིས་ཅི་ལ་ཕན།
ངའི་སེམས་ལ་དེ་ལྟར་དྲན་པའི་མོད་ལ། གདོང་ཚ་ལམ་ལམ་དུ་གྱུར་པ་དང་ཡིད་ལ་ནོངས་འགྱོད་ཀྱིས་གདུངས་ཏེ་སེམས་ལ་འདི་སྙམ་དུ་བསམ་བྱུང། ང་རང་ཡང་བོད་གདོང་དམར་གྱི་རྒྱུད་པ་ཡིན་མོད། འོན་ཀྱང། གནའ་མིས་བཏོད་པའི་རྐང་ལམ་ཕྲ་མོ་འདི་རྒྱ་ཆེ་རུ་གཏོང་བ་ལ་ས་འཇོར་གཅིག་བརྐོས་མ་མྱོང་ལ་ཁེམ་གང་ཡང་བཅུས་མ་མྱོང། རྐང་ལམ་ཕྲ་མོ་འདིས་ཐོག་ཏུ་གོམ་པའི་འདེགས་འཇོག་ཅི་ཙམ་བསྒྱུར་བ་ནི་བགྲང་གིས་མི་ལང་ན་ཡང། རྐང་ལམ་ཕྲ་མོ་འདིའི་ཕན་ཡོན་དང། ནང་སྒོས་སུ་རྐང་ལམ་ཕྲ་མོ་འདི་ལ་གཟི་བརྗིད་དང་ལ་རྒྱ་སྣོན་རྒྱུ་ནི་ཡིད་ལའང་དྲན་མ་མྱོང། ངོ་ཚ་འདི་ལས་ཆེ་བ་དང། འགྱོད་པ་འདི་ལས་ལྷག་པ་ཞིག་གང་ན་ཡོད།
ད་ལྟ་གཞུང་ལམ་དང། ལྕགས་ལམ། མཁའ་ལམ། མཚོ་ལམ་སོགས་ཡོད་ལ། ཐ་ན་ཟླ་བའི་ཁང་བཟང་བགྲོད་པའི་ལམ་ཡང་ཡོད་པས། ང་ཚོའི་མི་རིགས་འདི་ད་དུང་བོང་བུར་ཞོན་ནས་རྐང་ལམ་ཕྲ་མོ་འདིའི་ཐོག་ཏུ་་སོས་དལ་བག་ཕེབས་ཀྱིས་འགྲོ་ཞིང་མཆིས། འོ། ལམ་སྐེད་ཀྱི་མི་དེ་ནི་བླ་མ་ཞིག་རེད། ཁོང་གིས་བརྟན་ཅིང་བརྗིད་པའི་ཞབས་རྗེས་རྐང་ལམ་འདིར་བཀོད་པ་དང། “བླ་མ་ལ་སྐྱབས་སུ་མཆིའོ་”ཞེས་པའི་གསུང་གི་སྒྲ་དབྱངས་རྐང་ལམ་ཕྲ་མོའི་བར་སྣང་དུ་ཁེངས་འདུག དེའི་རྗེས་སུ་འབྲངས་པའི་མི་དེ་ནི་བཙུན་པ་ཞིག་རེད། “དགེ་འདུན་ལ་སྐྱབས་སུ་མཆིའོ་”ཞེས་པའི་གསུང་སྐད་དེ་བླ་མའི་གསུང་དང་གཞི་གཅིག་ཏུ་འདྲེས་པ་དང། བྲག་ཅའི་སྐད་དང་བསྡོངས་ནས་བླ་བཙུན་གཉིས་ཀྱི་གསུང་སྐད་དེ་“ཆོས་ལ་སྐྱབས་སུ་མཆིའོ་”ཞེས་པར་གྱུར་སོང། ངོ་མ། ཁོང་ཚོ་ལ་བསམ་བློའི་རྒྱབ་རྩ་བརྟེན་སའི་རྟེན་གཞི་ཡོད་མོད། འོན་ཀྱང་རྐང་པའི་འདེགས་འཇོག་བསྒྱུར་ས་ནི་རྐང་ལམ་ཕྲ་མོ་འདི་རེད།
ལམ་ཕྲན་འདི་བརྒྱུད་མྱོང་མཁན་དང་རྐང་ལམ་ཕྲ་མོ་འདིའི་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་ནི་ངའི་བློ་ངོར་མི་ཤོང་བའི་གནད་དོན་ཞིག་ཡིན་ན་ཡང། ང་ཚོའི་མི་རིགས་འདི་དང་རྐང་ལམ་ཕྲ་མོ་འདིའི་བར་ལ་འགལ་བ་ཡོད་པ་ནི་མངོན་སུམ་གྱི་མཚན་མ་ཞིག་རེད། གཅིག་བྱས་ན་སེམས་ཀྱི་རྟ་ལ་བཅིབས་ཏེ་ཐར་པའི་ལམ་དུ་བགྲོད་པའི་དམ་པ་ནི་ཡོད་དུ་སྲིད་ཀྱང། ཐར་པའི་ལམ་སྣ་ཟིན་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན་སྐྱབས་ནི་དཀའ་ཙམ་གདའ། དེ་ཚོ་ནི་ཚུལ་ཇི་ལྟ་བུ་ཡིན་ནའང་ཡིན་དུ་ཆུག ང་རང་དགའ་ས་ནི་རྐང་ལམ་ཕྲ་མོ་འདི་ཡིན་ལ། ང་རང་སྐྱོ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན།
ལོ་ཞིག་ལ། ཆར་ཆུ་ཤིན་ཏུ་མོད་པས་ཆུ་ལོག་བྱུང་སྟེ་རྐང་ལམ་ཕྲ་མོ་འདི་ཁ་ཤོ་སྣ་ལོ་ཅན་དུ་བཏང་སོང། ཡ་མཚན་ཆེ་བ་ནི། ལམ་ཕྲན་འདི་ལ་སྲུང་སྐྱོབ་བྱེད་མཁན་མེད་པ་དང། རྐང་ལམ་འདི་ལ་ཞིག་གསོ་བྱེད་མཁན་ཡང་མ་བྱུང། ཉིན་ཞིག་ལ་ར་རྫི་ཞིག་གིས་ར་ཁྱུ་ཞིག་དེད་ནས་རྐང་ལམ་ཕྲ་མོ་འདི་བརྒྱུད་པས། ཆུ་ལོག་གིས་གཤོས་པའི་ཁ་ཤོ་དེའི་ཉག་ཁུག་ཏུ་སླར་ཡང་མི་བགྲོད་ཆོག་པའི་ལམ་ཕྲན་ཞིག་བཏོད་པ་དང། མ་གཞི་ནས་གྱ་གྱུ་མང་བའི་ལམ་ཕྲན་དེ་སྔར་བས་ཀྱང་གྱ་ཁ་གྱུ་ཁུག་མང་བ་ཞིག་ཏུ་གྱུར་སོང། སྐབས་དེར། སོས་དལ་གྱི་རྒན་རྒོན་ཚོས་སླར་ཡང་ཚིག་རྩོད་བྱེད་མགོ་བརྩམས་སོང། རུས་ལྡོང་ཅན་གྱི་རྒན་པོ་དང། གླིང་ཚང་གི་སྒྲུང་པ། སྤྱན་རས་གཟིགས་ཀྱི་བྱིན་རླབས་སུ་སེམས་པའི་རྒན་མོ། ལྷ་ལུང་དཔལ་རྡོར་གྱི་རྗེས་འབྲངས་པ། རི་དྭགས་ལ་མོས་པའི་རྔོན་པ་སོགས་ཀྱིས་གཅིག་ཚིག་གཅིག་གིས་དགག་ནའང་རྒྱལ་ཕམ་གྱི་ཤན་ནི་འབྱེད་མ་ཐུབ། ལམ་འགྲོ་བ་ཞིག་གིས་ཁོ་ཚོའི་གཏམ་དེ་ཚོར་ནས་“ཁྱོད་ཚོའི་རྐང་ལམ་འདི་གུ་དོག་དྲགས་པས་རྒྱ་ཆེ་རུ་བཏང་ན་ཅི་མ་རུང་”ཞེས་ཟེར་བ་ལ། རྒན་རྒོན་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་“ཅི་ཟེར། ལམ་འདི་གཉན་དང་བཙན་གྱི་རྒྱུ་ལམ་ཡིན་པས་ས་ཁེམ་གང་བརྐོས་ན་ཡང་མཛེ་བུད་ནས་འཆི་ངེས་རེད་”ཟེར། དེ་ནས་བཟུང་སྟེ། རྐང་ལམ་འདི་རྒྱ་ཆེ་རུ་གཏོང་ཕོད་མཁན་མ་བྱུང་ལ། རྒན་རྒོན་རྣམས་ཀྱི་ཚིག་རྩོད་ནི་སྔར་མུས་བཞིན་མཚམས་ཆད་མ་མྱོང།
བཅིངས་འགྲོལ་བྱས་རྗེས། འདི་གར་གཏེར་ཁ་མང་བས་རྒྱལ་ཁབ་ཀྱིས་གཏེར་འདོན་པའི་ཆེད་དུ་རླངས་འཁོར་བགྲོད་སའི་གཞུང་ལམ་ཞིག་བཟོས་པ་དང། གཞུང་ལམ་དེ་རྐང་ལམ་གྱི་འོག་ཏུ་ཡོད་ཅིང་རྒྱ་ཡང་ཆེ་མོད། འོན་ཀྱང་ང་ཚོའི་རི་སྡེ་འདིའི་མི་རྣམས་རྐང་ལམ་བརྒྱུད་ནས་འགྲོ་བ་ལས། གཞུང་ལམ་དུ་འགྲོ་མཁན་མ་བྱུང། ཕྱིས་སུ་མི་འདྲུད་འཁོར་ལོ་དང། ཤིང་རྟ། འདྲུད་འཐེན་འཁོར་ལོ། རླངས་འཁོར་སོགས་འཁོར་ལོའི་རིགས་སྣ་ཚོགས་བྱུང་བས། ཕོ་གསར་མོ་གསར་རྣམས་ཀྱིས་གཞུང་ལམ་གྱི་ཕན་ཡོན་ཐོག་མར་རྟོགས་ན་ཡང། སླེ་བོ་རྒྱབ་ཏུ་ཁུར་བའི་མི་ཕལ་ཆེར་ད་དུང་རྐང་ལམ་ཕྲ་མོ་བརྒྱུད་ནས་འགྲོ་ཞིང་འདུག ཁོང་ཚོའི་སེམས་ལ། ལམ་ཆེ་ཡང་ལ་གཟར་བས་འཁོར་ལོའི་རིགས་ལ་ཉེན་ཁ་ཤིན་ཏུ་ཆེ་བ་དང། ས་བསྐོར་ཐག་རིང་ལ་ས་གཞི་ཤིན་ཏུ་མཁྲེགས་པས་རྐང་བ་ན་བའི་རྒྱུ་རེད་སྙམ། ལོ་མཇུག་གི་སྡོམ་རྩིས་བྱེད་སྐབས་འཕྲུལ་ཆས་བཀོལ་མཁན་དང་སླེ་བོ་འཁུར་མཁན་བར་ཚིག་རྩོད་དྲག་པོ་ཞིག་ལངས་པ་དང། འགལ་བ་དེ་ནི་ལོ་མུས་སུ་ཇེ་ཆེར་འགྲོ་ཞིང་གདའ།
ང་རྐང་ལམ་དང་གཞུང་ལམ་གཉིས་ཀྱི་མཚམས་སུ་ལངས་ཏེ་འདས་པའི་བྱ་བ་རྣམས་དྲན་གསོས་པ་དང། གྱུ་གྱུའི་རྐང་ལམ་ཕྲ་མོའི་དབེན་ཞིང་ཁ་ཁུ་སིམ་པའི་རྣམ་པ་དང། ཡངས་ཤིང་རྒྱ་ཆེ་ལ་རི་སྐེད་འཕྲེད་དུ་གཏུབས་པའི་གཞུང་ལམ་ཐོག་གི་རླངས་འཁོར་དང། ཤིང་རྟ། ལག་འདྲུད་འཁོར་ལོ་སོགས་འགྲོ་འོང་བྱེད་པའི་འདུ་འཛི་ལ་ལྟ་བཞིན། ངའི་སེམས་ལ་རང་རེའི་མི་རིགས་དང་རང་གི་ཕ་ཡུལ་དྲན་པ་དང། ངའི་མིག་ལམ་དུ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཞིག་ཤར་བའི་མོད་ལ། ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང།

སྔོན་མ།
༄༅།། གསོམ་སྡོང༌།
ཕྱི་མ།
ཤེས་རབ་དང་རྨོངས་པ།
Menu