ཟླ་རེའི་གསར་འགྱུར།

རྒྱ་གར་བྱང་ཤར་ཁུལ་དུ་བྱིས་པའི་ཀློག་རྩལ་སྐོར་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢ ནས་ ༩ བར་ཉིན་གྲངས་བརྒྱད་རིང་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་མེའོ་ཆོས་འཕེལ་གླིང་དང་། ཏེ་ཛུ་དར་རྒྱས་གླིང་། བསྟན་འཛིན་སྒང་ཁུལ་གནས་སྡོད་ཕ་མ་ ༢༠༠ ཙམ་ལ་བྱིས་པའི་ཀློག་རྩལ་ཇི་ཙམ་གལ་གནད་ཆེན་པོ་ཡིན་སྐོར་གྱི་ཟབ་སྦྱོང་ཞིག་ཚོགས་ཡོད།
དེ་ཡང་ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ཕ་མས་རྒྱུན་དུ་ཕྲུ་གུར་སྒྲུང་གཏམ་བཤད་རྒྱུ་གནད་འགག་ཆེན་པོ་ཡིན་པའི་སྐོར་གསལ་རྟོགས་ཐུབ་རྒྱུ་དང་། ཕ་མས་ཕྲུ་གུ་ཚོར་སློབ་དེབ་འདེམས་སྒྲུག་དང་མངགས་ཉོ་ཇི་ལྟར་བྱེད་དགོས་པའི་ཐད་ལམ་སྟོན་གནང་ཕྱོགས། ཕ་མའི་ལམ་སྟོན་འོག་མཐར་ཕྲུ་གུ་རྣམས་ཕྱིར་སློབ་གྲྭ་གྲོལ་ནས་ནང་དུ་ལོག་རྗེས་དེབ་སོགས་བཀླག་རྒྱུར་མ་སྐུལ་དང་བླངས་ཐོག་ནས་ཡོང་ཐུབ་པ་བཟོ་རྒྱུ་བཅས་ཡིན།
ཕ་མས་ཕྲུ་གུར་བཀླག་རྒྱུའི་སྒྲུང་དེབ་འདེམས་སྒྲུག་བྱེད་ཕྱོགས་དང་། ཐབས་ལམ་འདྲ་མིན་བརྒྱུད་ནས་ཕྲུ་གུར་སྒྲུང་གཏམ་ཤོད་སྟངས། ལྷག་པར་ཕྲུ་གུའི་སར་ཕ་མས་དེབ་རིགས་ཀློག་སྐབས་ངེས་པར་དུ་སྐད་ཤུགས་ཆེན་པོ་དགོས་པ་མ་ཟད། སྙན་རྩོམ་གྱི་ཚིགས་བཅད་ཐུང་ངུའི་རིགས་ངེས་པར་དུ་བཀླག་དགོས་པ་སོགས་ངོ་སྤྲོད་གནང་འདུག

    དེ་ཡང་ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་རྣམས་ནི།

  • ཕྲུ་གུ་མང་པོ་ཞིག་གིས་དཔེ་དེབ་བཀླག་འདོད་མི་བྱེད་པའི་རྒྱུ་མཚན།
  • རང་འགུལ་ཐོག་ནས་དཔེ་དེབ་ཀློག་པ་དང་། དེབ་རིགས་ཀློག་སྐབས་ངག་ནས་སྒྲ་མ་འཐོན་པར་བཀླག་ན་དགེ་མཚན་གང་ཡོད།
  • ཕ་མས་ཕྲུ་གུར་སྒྲུང་གཏམ་ཤོད་རྒྱུ་གལ་ཆེ་ཚུལ།
  • ཅ་དངོས་སོགས་ཀྱི་སྟེང་ཡོད་པའི་ཡི་གེ་ཁག་ཀློག་རྒྱུ།
  • བྱིས་པའི་ཀློག་རྩལ་ཡར་རྒྱས་ཆེད་སྙན་རྩོམ་ཐུང་ངུ་བཀླག་རྒྱུ་དང་གླུ་གཞས་རིགས་གལ་ཆེ་ཚུལ།
  • བོད་ཡིག་ནང་ཡོད་པའི་ཀློག་རྩལ་ཡར་རྒྱས་གཏོང་ཕྱོགས་ཀྱི་དཔེ་དེབ་སོན་རྩ་ཞེས་པ་ངོ་སྤྲོད་གནང་རྒྱུ་བཅས་ཀྱི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད།

ཟབ་སྦྱོང་སྐབས་ཕ་མ་ཚོས་སྤྲོ་སེམས་འཁོལ་བའི་ཐོག་ནས་མཉམ་ཞུགས་གནང་བ་མ་ཟད། བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ཐོག་དྲི་བ་དང་། དེ་བཞིན་ཟབ་སྦྱོང་གི་བརྗོད་གཞི་ཁག་ཞིབ་ཕྲ་མཁྱེན་རྟོགས་སླད་ངོ་སྤྲོད་དེབ་ཆུང་ཞིག་ཀྱང་བཟོས་ཡོད་པ་དེ་དག་ཕ་མ་རྣམས་ལ་འགྲེམས་སྤེལ་གནང་ཡོད། ཕ་མ་རྣམས་ནས་སོ་སོའི་ཕྲུ་གུའི་ཀློག་རྩལ་ཡར་རྒྱས་གཏང་རྒྱུའི་ཁས་ལེན་ཡང་གནང་ཡོད་པ་མ་ཟད། ཕ་མ་མང་དག་ཅིག་གིས་ཟབ་སྦྱོང་འདི་རིགས་མ་འོངས་པར་ལོ་གཅིག་ནང་ཐེངས་འགའ་ཤས་གནང་ཐུབ་ན་དགེ་མཚན་ཆེ་བའི་བསམ་ཚུལ་ཡང་བཏོན་ཡོད།
ཐེངས་འདིའི་ཟབ་སྦྱོང་གི་ཟབ་ཁྲིད་པ་ཤེས་ཡོན་འགན་འཛིན་བསྟན་འཛིན་ལེགས་མཛེས་ལགས་དང་བྱིས་པའི་ཀློག་རྩལ་གྱི་འབྲེལ་ཡོད་ལས་བྱེད་བསོད་ནམས་གངས་བཟང་ལགས་ཡིན་པ་དང་། ཟབ་སྦྱོང་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ USAID ཡིན་འདུག་པ་བཅས།

སྔོན་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུ་ཐེངས་ ༡༣ སྐོང་ཚོགས་གནང་།
ཕྱི་མ།
བོད་མི་གཞོན་སྐྱེས་ཁག་ཅིག་ལ་འགོ་ཁྲིད་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་བ།
Menu