ཟླ་རེའི་གསར་འགྱུར།

རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་དང་པོ་མཇུག་བསྒྲིལ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༤ ནས་ས་རཱ་མཐོ་སློབ་ཏུ་རྒྱ་བལ་གཉིས་ཀྱི་གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་ཁག་གཉིས་གོ་སྒྲིག་ཞུ་གཏན་འཁེལ་བ་ལྟར། ཟབ་སྦྱོང་དང་པོ་དེ་བཞིན་ཕྱི་ཚེས་ ༡༢ ཉིན་མཇུག་བསྒྲིལ།

མཇུག་བསྡོམས་མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་གི་ལས་བསྡོམས་སྙན་སྒྲོན་ཞུས་དོན། ཐེངས་འདིའི་ཟབ་སྦྱོང་གི་དམིགས་གཙོ་བོ་ནི་སློབ་ཕྲུག་གི་འབྲི་རྩལ་གོང་མཐོར་ཐབས་ཉག་ཅིག་ལ་དམིགས་ཡོད་སྟབས། ས་རཱ་མཐོ་སློབ་ཀྱི་རྩོམ་རིག་དགེ་ཨ་གནམ་བཟོད་པ་ལགས་དང་དགེ་ཨ་འཇམ་ལགས་གཉིས་ནས་རྩོམ་འབྲི་ཐབས་དང་རྩོམ་ཁྲིད་ཐབས་སྐོར་ཚོགས་ཐེངས་བཅུ་བཅུ་དང་། དྷ་ས་བོད་ཁྱིམ་བོད་ཡིག་རྒྱུས་སྟོན་པ་དགེ་མིང་ཆུང་ལགས་ནས་བྱ་ཚིག་སློབ་ཐབས་སྐོར་ཚོགས་ཐེངས་གསུམ་དང་། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་དགེ་བསམ་གྲུབ་ལགས་ནས་རྩོམ་རིགས་ལ་དགའ་ཞེན་སླེབས་ཐབས་སྐོར་ཚོགས་ཐེངས་གསུམ། དྷ་ཤོད་དཔེ་སྟོན་སློབ་གྲྭའི་བོད་དགེ་ཟླ་བ་ཚེ་རིང་ལགས་དང་བོད་དགེ་བློ་ཚེ་ལགས་གཉིས་ནས་ཚོགས་ཐེངས་གསུམ་རིང་རྩོམ་ཡིག་ཞིབ་འབྲི་བྱེད་ཐབས་དང་དཔེ་སྟོན་སློབ་ཁྲིད་གནང་ཡོད། གཞན་ཡང་ཕྱི་དྲོ་ཆུ་ཚོད་ ༦།༤༥ ནས་ ༨།༡༥ བར་ཤེས་རིག་སློབ་དེབ་རྩོམ་སྒྲིག་པ་གཉིས་ཀྱི་ལྷན་དུ་མ་འོངས་པར་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བོད་ཀྱི་སྐད་ཡིག་སློབ་དེབ་བསྐྱར་ཞིབ་དང་འབྲེལ་བའི་ཐོག་གོ་བསྡུར་སྦྱངས་བཤད་དང་བསམ་འཆར་བསྡུ་ལེན་གནང་ཡོད་པ་བཅས་ཀྱི་ངོ་སྤྲོད་གནང་།
དེ་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་ས་རཱ་མཐོ་རིམ་སློབ་གཉེར་ཁང་ནང་ལག་འཁྱེར་སློབ་སྦྱོང་གང་དང་གང་བྱེད་རྒྱུ་ཡོད་མེད་དང་། སློབ་ཚན་གང་ཞིག་སློབ་ཁྲིད་གནང་གི་ཡོད་མེད་བཅས་ཀྱི་སྐོར་ངོ་སྤྲོད་གནང་དོན་དུ། དེ་སྔ་ས་རཱ་མཐོ་སློབ་ཏུ་མཚམས་སྦྱོར་ལོ་རིམ་གཅིག་དང་མཐོ་རིམ་རིག་གནས་རབ་འབྱམས་པ་ལོ་གསུམ་ཅན་གྱི་སློབ་སྦྱོང་སྤྲོད་སྲོལ་དེ་ཕྲན་བུ་སྒྱུར་བཅོས་བཏང་སྟེ་མཐོ་རིམ་རིག་གནས་རབ་འབྱམས་པ་ལོ་རིམ་བཞི་ཅན་དུ་བསྒྱུར་བ་དང་། མཐོ་རིམ་རིག་གནས་རབ་འབྱམས་སུ་འཛུལ་ཞུགས་བྱེད་པར་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོག་བོད་ཡིག་སློབ་ཚན་ངེས་པར་དུ་དགོས་གལ་ཡོད་ནའང་། བོད་ནས་ཡོང་བ་འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་མེད་རིགས་ལ་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་ལག་འཁྱེར་ཐོབ་མཚམས་ས་རཱ་མཐོ་སློབ་ཏུ་འཛུལ་ཞུགས་བྱེད་པར་ཆ་རྐྱེན་ཚང་ཁོངས་སུ་བརྩི་བཞིན་ཡོད་ལ། འདས་པའི་ལོ་ཤས་ནས་ས་རཱ་མཐོ་སློབ་ཏུ་ལོ་རྒྱུས་དང་རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་འགོ་འཛུགས་གནང་ཞིང་། དེ་ཡང་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གི་སྤུས་ཚད་ལེགས་པོ་ཡོང་ཐབས་སུ་ལོ་རེར་ལོ་རྒྱུས་དང་རྩོམ་རིག་སློབ་ཚན་གཉིས་རེས་མོས་བཞིན་སློབ་བསྡུ་གནང་གི་ཡོད་པ་མ་ཟད་སློབ་ཕྲུག་གི་གྲངས་ཚད་ཀྱང་ ༡༠ ལས་མ་བརྒལ་བ་གཙོ་བཟུང་གནང་བཞིན་ཡོད། ས་རཱ་མཐོ་སློབ་ཏུ་ནང་དོན་རིག་པའི་འཛིན་གྲྭ་ལོགས་སུ་ཡོད་ཅིང་འཛིན་གྲྭ་དེའི་ནང་སྐྱ་བོ་ཕོ་མོ་ལས་གྲྭ་བཙུན་འཛུལ་ཞུགས་མི་ཆོག་པའི་རྒྱུ་མཚན་ནི་གྲྭ་བཙུན་རྣམས་གདན་ས་དང་བཤད་གྲྭ་སོགས་སུ་ནང་དོན་རིག་པའི་ཐོག་སློབ་སྦྱོང་གི་གོ་སྐབས་ཡོད་མུས་ཡིན། གཞན་ཡང་ས་རཱ་མཐོ་སློབ་ཏུ་འདི་ལོ་ནས་བཟུང་བཀའ་ཤག་གི་བཀའ་དགོངས་བཞིན་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་གྱི་གོ་སྒྲིག་འོག་ལོ་ལྔའི་རིང་ལས་བྱེད་འོས་སྦྱོང་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། དེ་ཡང་ལོ་དང་པོར་ཟླ་གྲངས་དྲུག་རིང་དང་། ལོ་གཉིས་པ་ནས་བཟུང་ཟླ་གྲངས་བཅུའི་རིང་ལས་བྱེད་འོས་སྦྱོང་ལོ་ལྟར་འཚོག་རྒྱུ་ཡིན་པ་བཅས་ཀྱི་སྐོར་ངོ་སྤྲོད་གནང་། གོང་གསལ་ལས་རིམ་ཁག་གི་ངོ་སྤྲོད་གནང་དགོས་དོན་ནི་ཟབ་སྦྱོང་འདིར་བཅར་ཞུགས་དགེ་རྒན་ཚོའི་བརྒྱུད་མ་འོངས་པར་སོ་སོའི་སློབ་ཕྲུག་མཐོ་སློབ་འདིར་འཛུལ་ཞུགས་གནང་འདོད་ཡོད་རིགས་ལ་ས་རཱ་མཐོ་སློབ་སྐོར་ངོ་སྤྲོད་གནང་རྒྱུའི་དགེ་མཚན་ཡོད་པ་མ་ཟད། ལས་བྱེད་འོས་སྦྱོང་གི་གོ་སྐབས་ཇི་ཡོད་བཅས་ཀྱི་སྐོར་ཡང་མང་ཚོགས་སུ་ཤེས་ཐབས་བཅས་ལ་དམིགས་པ་ཡིན་གསུངས།
མཐའ་དོན་ཁོང་གིས་ང་ཚོས་སུ་འདྲ་ཞིག་ལ་བོད་ཀྱི་རིག་གཞུང་སློབ་སྦྱོང་བྱེད་རྒྱུར་སྐུལ་འདེད་བྱས་པ་ལས། བོད་ཀྱི་རིག་གཞུང་གི་དགེ་མཚན་འགྲེལ་བརྗོད་བགྱིས་ཏེ་དེར་དོ་དབྱིངས་སླེབས་པ་བཟོ་ཐུབ་ན་རང་བཞིན་གྱིས་དེའི་ཕྱོགས་སུ་ཡོང་བར་སྐུ་ངལ་མེད་སྐོར་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཚབ་སྐུ་ངོ་ཀརྨ་སེངྒེ་མཆོག་ནས་དགེ་རྒན་ཚོར་འཚམས་ཞུ་དང་སྦྲགས་སྐུ་ངོས་ད་བར་བོད་མིའི་སྒྲིག་འཛུགས་ཁོངས་སྲི་ཞུ་སྒྲུབ་པའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་གནང་བའི་རྗེས་སུ། དེ་རིང་གི་ཟབ་སྦྱོང་འདི་བཞིན་འབྲི་རྩལ་རང་གི་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་ཡག་པོ་བྱུང་འདུག་གསུངས་ཤིང་། སློབ་ཕྲུག་ཚོའི་འབྲི་རྩལ་གོང་མཐོར་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་ནི་ཉེ་སྔོན་འཛིན་རིམ་ལྔ་པའི་སྤྱི་རྒྱུགས་ཆེན་མོའི་སྐབས་ར་འཕྲོད་གསལ་པོ་བྱུང་ཡོད། དེས་ན་ཟབ་སྦྱོང་གྲུབ་མཚམས་དགེ་ལགས་རྣམ་པ་སློབ་གྲྭར་ཕྱིར་ལོག་སྟེ་སློབ་ཕྲུག་ཚོའི་འབྲི་རྩལ་ཐད་ངེས་པར་དུ་དམིགས་བསལ་འགན་ཁུར་བཞེས་དགོས་པ་མ་ཟད། དྲི་ཤོག་ཀྱང་ཡིག་རྒྱུགས་འཕྲོད་ཐབས་གཅིག་པུར་དམིགས་པའི་དྲི་ཤོག་བཟོ་བའི་ལམ་སྲོལ་ཡང་རིམ་གྱིས་བསྒྱུར་བཅོས་གནང་དགོས། ཤེས་རིག་ལས་ཁུངས་ཀྱི་འགན་ཁུར་གཙོ་བོ་ནི་སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ཡིན་ཞིང་། དེའི་ནང་ནས་ཀྱང་གཞི་རིམ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་གལ་ཆེར་བརྩིས་ཏེ་ཉེ་བའི་ལོ་ཤས་ནས་དེ་ཐོག་དམིགས་བསལ་ནུས་པ་འཐོན་ཐབས་སུ་གང་ཅིའི་འབད་བརྩོན་ཞུ་མུས་ཡིན། སློབ་ཚན་ཅི་འདྲ་ཞིག་ཡིན་རུང་ནང་དོན་གཏིང་ཟབ་ཤེས་པར་སློབ་ཚན་དེ་དང་དེའི་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ་བ་དང་། ལོ་ནས་ལོ་བསྟུད་སློབ་ཕྲུག་ལ་ཤེས་ཡོན་མཁོ་སྤྲོད་བྱས་པ་ལྟར་སློབ་ཕྲུག་མི་ཚེའི་ནང་དུའང་དེ་བཞིན་གྱི་འགྱུར་བ་ཞིག་བཟོ་རྒྱུར་དགོངས་པ་བཞེས་དགོས།
སྤྱིར་ང་ཚོ་བོད་མིའི་གཤིས་ཀར་དཔེ་ཀློག་གི་གོམས་གཤིས་ཧ་ཅང་ཞན་པོ་ཡོད་འདུག ལྷག་པར་དུ་བཙན་བྱོལ་ནང་ཡོད་པའི་ན་གཞོན་ཚོར་དེ་བས་དཔེ་ཀློག་གི་གོམས་གཤིས་ཞན་པོ་འདུག ང་ཚོས་ཕྱི་རྒྱལ་བར་གཟིགས་དང་ཇ་ཁང་དང་འགྲིམ་འགྲུལ་སོགས་ཀྱི་སྐབས་སུ་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞེ་དྲག་ཡོད་པ་རེད། དེར་བརྟེན་ང་ཚོས་དེ་འདྲའི་གོམས་གཤིས་སྐྲུན་ཐབས་སུ་སློབ་གྲྭ་དང་ཕ་མ་ཚང་མའི་ངོས་ནས་སྔར་ལྷག་རྒྱབ་སྐྱོར་དགོས་གལ་སྐོར་དང་། ལྷག་པར་དུ་བོད་པའི་ཕྲུ་གུ་ཚོའི་བོད་ཀྱི་སྐད་ཡིག་དང་ཐ་སྙད་བེད་སྤྱོད་གནང་ཕྱོགས་སྤུས་ཚད་ཇི་འདྲ་ཞིག་འབྱུང་མིན་འགན་ཁུར་གཙོ་བོ་དེ་འདིར་ཕེབས་པའི་བོད་ཡིག་དགེ་རྒན་རྣམ་པར་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་མ་འོངས་སོན་རྩ་རྣམས་ཁ་ཕྱོགས་མ་ནོར་བར་ཁྲིད་རྒྱུ་ཐད་དགེ་རྒན་ཚོར་ཐུགས་རེ་ཆེན་པོ་གནང་གི་ཡོད་སྟབས་ངེས་པར་དུ་དེའི་ཐོག་ཐུགས་ཁུར་ཆེ་བཞེས་གནང་རོགས་ཞེས་དང་།
དགེ་རྒན་ནི་སློབ་ཕྲུག་ཚོར་ཤེས་ཡོན་དང་ཀུན་སྤྱོད་ཀྱི་ཁ་ཕྱོགས་སྟོན་མཁན་ཞིག་ཡིན་པར་སོང་དགེ་རྒན་རྣམ་པའི་ཀུན་སྤྱོད་དེ་སློབ་ཕྲུག་ཚོའི་མིག་དཔེར་འོས་པ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ། ཤེས་བྱ་རིག་གནས་དང་འབྲེལ་བའི་ཐོག་ཕྱག་ལས་གནང་མཁན་ཞིག་ཡིན་པའི་ཆ་ནས་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ཁག་ལ་ངེས་པར་དུ་ཐུགས་སྣང་གནང་རྒྱུ་གལ་ཆེ་བ་བཅས་ཀྱི་སྐོར་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་སྟེ་མཇུག་བསྡོམས་མཛད་སྒོ་མཇུག་ལེགས་པར་བསྒྲིལ

སྔོན་མ།
རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་འགོ་འཛུགས་གནང་བ།
ཕྱི་མ།
རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་།
Menu