ཟླ་རེའི་གསར་འགྱུར།

རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་གཉིས་པའི་མཇུག་བསྒྲིལ།

གསར་འཕྲིན།

འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༦ ནས་ ༢༤ བར་གྱི་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་གཉིས་པ་དེ་བཞིན་ཕྱི་ཚེས་ ༢༤ ཉིན་རྒྱབ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཀརྨ་སེངྒེ་དབུ་བཞུགས་ཀྱི་མཇུག་བསྒྲིལ།
དེ་ཡང་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་འཚམས་འདྲི་དང་སྦྲགས་ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་བལ་གཉིས་ཀྱི་གཏན་ཉིན་སློབ་ཁག་ ༡༢ ནས་བོད་ཡིག་དགེ་རྒན་བུ་ ༡༦ དང་བུ་མོ་ ༤ བཅས་ཁྱོན་བསྡོམས་བོད་དགེ་གྲངས་ ༢༠ ནས་མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་དང་པོའི་མཇུག་བསྡོམས་སྐབས་སྙན་སྒྲོན་ཞུས་པ་ལྟར་སྐབས་འདིའི་ཉིན་གྲངས་བརྒྱད་རིང་ལས་རིམ་གོ་སྒྲིག་ཇི་ཞུས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་།
དེ་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་ཟབ་སྦྱོང་རིང་ས་རཱ་མཐོ་སློབ་ནས་མཐུན་རྐྱེན་འཛོམས་མིན་སོགས་བྱུང་ཡོད་ཚེ་དགོངས་འགལ་མེད་པར་ཞུས་པ་དང་སྦྲགས། དེ་རིང་ཟབ་སྦྱོང་འདི་ནས་བོད་དགེ་རྣམ་པ་ཚོར་བློ་བསྐྱེད་གང་འདྲ་ཞིག་བྱུང་ཡོད་པ་རྣམས་ཕྱིར་སློབ་གྲྭར་ལོག་སྟེ། དངོས་སུ་སློབ་ཕྲུག་ཚོའི་ཐོག་ཏུ་ལག་ལེན་དུ་འབབ་ཐུབ་པ་བྱ་དགོས། ཟབ་སྦྱོང་འདིར་ཕེབས་མཁན་རྣམས་བོད་ཡིག་དགེ་རྒན་ཡིན་པར་སོང་མ་འོངས་པར་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་རྣམས་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པར་སློབ་གཉེར་གནང་འདོད་ཡོད་མཁན་ཚོར་དམིགས་ནས། ས་རཱ་མཐོ་སློབ་ཀྱི་ལས་རིམ་ཁག་བཅུ་ཙམ་ངོ་སྤྲོད་གནང་། དེའི་ནང་ནས་ཟུར་སྦྱོང་དང་མཐོ་རིམ་རིག་གནས་རབ་འབྱམས། ནང་དོན་རིག་པའི་འཛིན་གྲྭ་བཅས་ནི་གཞི་རིམ་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཚོར་ཐད་ཀར་འབྲེལ་བ་ཡོད་པ་བཅས་ངོ་སྤྲོད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཚབ་ཀརྨ་སེངྒེ་ལགས་ནས་བོད་དགེ་རྣམས་ལ་བཀའ་སློབ་གནང་དོན་དུ། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་འགན་ཁུར་གཙོ་བོ་དེ་ཤེས་རིག་ལས་ཁུངས་སུ་ཡོད་པར་བརྟེན། ད་བར་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་ཤེས་ཡོན་གནས་བབ་ཡར་རྒྱས་ལ་དམིགས་ནས་དགེ་རྒན་རྣམ་པའི་སློབ་ཁྲིད་ཐབས་ལམ་དང་། ཤེས་ཡོན་གནས་ཚད་གོང་མཐོར་གཏོང་ཐབས་སུ་ཟབ་སྦྱོང་སྣ་མང་གོ་སྒྲིག་ཞུས་དང་ཞུ་མུས་ལྟར། ཟབ་སྦྱོང་དེ་དག་གི་ཕུགས་དམིགས་གཙོ་བོ་ནི་སློབ་ཕྲུག་ཚོའི་ཤེས་ཡོན་སྤུས་ཚད་ཇེ་བཟང་དུ་གཏོང་རྒྱུ་ཉག་ཅིག་ཡིན་ལ། ཐེངས་འདིའི་ཟབ་སྦྱོང་འདི་ཡང་རྣམ་པ་ཚོས་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཐུབ་ཙམ་མིན་པར་ཟབ་སྦྱོང་གི་དགོས་དམིགས་ལྟར་གནད་ལ་འཁེལ་བ་ཞིག་བྱུང་ཡོད་ཤག་ལ་ང་ཚོའི་རེ་བ་ཡང་དེ་རང་ཡིན། ཤེས་རིག་ལས་ཁུངས་ནས་འདས་པའི་དུས་སུ་ཟབ་སྦྱོང་སྣ་མང་གོ་སྒྲིག་ཞུས་པ་དེས་སློབ་གྲྭར་ཕྱིར་ལོག་སྟེ་སོ་སོའི་ཉིན་རེའི་སློབ་ཁྲིད་ཀྱི་ལས་དོན་ལ་ཡར་རྒྱས་ཤིག་འགྲོ་དགོས་ཀྱང་། སྐབས་རེ་དེ་འདྲའི་གྲུབ་འབྲས་ཤིག་འཐོན་གྱི་མེད་པའི་རྣམ་པ་མངོན་བཞིན་འདུག དེ་རིང་ཟབ་སྦྱོང་སྐབས་གཙོ་བོ་འབྲི་རྩལ་གོང་མཐོར་གཏོང་ཐབས་སྐོར་སློབ་ཁྲིད་གནང་ཡོད་སྟབས། དགེ་ལགས་རྣམ་པ་ཚོས་འདི་ནས་བློ་བསྐྱེད་གང་བྱུང་བ་རྣམས་སློབ་གྲྭར་ཕྱིར་ལོག་སྟེ་སློབ་ཕྲུག་གི་འབྲི་རྩལ་གོང་མཐོར་གཏོང་ཐབས་སུ་ཁ་ཡོད་ལག་ཡོད་ཀྱི་ལག་བསྟར་ཐུབ་པ་ཞིག་གནང་གི་རེད་ལ། དེ་རིང་མཇུག་བསྡོམས་ཡིན་པར་སོང་ང་ཚོས་འབོད་སྐུལ་ཞུ་རྒྱུ་གཙོ་བོ་ཡང་དེ་རང་ཡིན་གསུངས།
ང་ཚོས་སློབ་ཕྲུག་གི་གནས་ཚད་རྒྱུས་ལོན་བྱེད་པའི་སྐབས་སློབ་ཕྲུག་བརྒྱ་ཆ་མང་བ་ཞིག་འབྲི་རྩལ་ཐོག་ཞན་པོ་ཡོད་པ་ཆགས་ཡོང་གི་འདུག ཡོངས་གྲགས་སུ་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཇི་ཙམ་ཡོད་མེད་ཚད་གཞལ་བའི་སྐབས་སུ་ཡང་འབྲི་རྩལ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཉེ་སྔོན་སྐུ་ངོ་བཀའ་བློན་མཆོག་གིས་དབུ་འབྱེད་སྐབས་གསུངས་པ་ལྟར་འཛིན་རིམ་ལྔ་པའི་སྤྱི་རྒྱུགས་སྐབས་སུ་ཡང་བོད་ཨིན་གཉིས་ཀའི་ནང་འབྲི་རྩོམ་གྱི་གནས་ཚད་དེ་ཞན་པ་ཡོང་གི་ཡོད་པས་འབྲི་རྩོམ་ཐོག་ཤུགས་རྒྱག་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། དགེ་ལགས་རྣམ་པས་དེ་ཐོག་ངེས་པར་དུ་ཤུགས་རྒྱག་རོགས་ཞེས་ནན་ཏན་དུ་ཞུ་འདོད་བྱུང་། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་ཕུགས་ཀྱི་བསྒྲུབ་བྱ་གཙོ་བོ་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མངོན་འདོད་བོད་ཀྱི་བདེན་མཐའ་གསལ་རྒྱུ་དེ་ཡིན་པར་སོང་། དམིགས་ཡུལ་དེ་བསྒྲུབ་པར་རྩ་བའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྒྲིག་འཛུགས་ཚང་མར་འགན་ཁུར་ཡོད་རུང་། དེའི་ནང་ནས་དགེ་རྒན་ཚོའི་ཕྲག་པར་འགན་ཁུར་ཆེ་ཤོས་ཤིག་ཡོད་སྙམ། གང་ཡིན་ཟེར་ན་ད་ལྟའི་སློབ་ཕྲུག་རྣམས་མ་འོངས་པའི་བོད་མི་རིགས་ཀྱི་སྣེ་ཁྲིད་མཁན་ཞིག་ཡིན་པས། མ་འོངས་པའི་སོན་རྩ་རྣམས་ཀྱི་ཤེས་སྤྱོད་ཇི་ལྟར་ཆགས་མིན་གཙོ་བོ་སློབ་གྲྭ་དང་དགེ་རྒན་རྣམ་པར་རག་ལུས་ཡོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་བཟང་པོ་རྣམས་རྒྱུན་འཛིན་དང་སློབ་ཁྲིད་བྱེད་རྒྱུའི་འགན་དབང་གཙོ་བོ་དེ་བོད་ཡིག་དགེ་རྒན་ཚོར་རག་ལུས་ཡོད་གསུངས། སྤྱིར་བོད་ནང་ཡོད་མཁན་གྱི་བོད་མི་རྣམས་རྒྱ་གཞུང་གི་བཙན་གནོན་དམ་བསྒྲགས་འོག་ཡོད་ཀྱང་སོ་སོའི་མི་རིགས་ཀྱི་སྐད་ཡིག་ལ་གཅེས་འཛིན་གྱིས་བཙན་བྱོལ་དུ་རང་དབང་འོག་ཡོད་པའི་བོད་མི་ལས་ཕལ་ཆེར་སྤུས་ཚད་ལེགས་པ་ཡོད་པའི་རྣམ་པ་འདུག དེར་བརྟེན་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་ཀྱང་དེ་ཐོག་ངེས་པར་དུ་ཤུགས་རྒྱག་དགོས། སྐད་ཡིག་ཉམས་པ་ཡིན་ན་མི་རིགས་ཀྱི་ངོ་བོ་ཡང་རིམ་པས་བརླག་འགྲོ་བར་བརྟེན། བོད་ཡིག་དགེ་རྒན་རྣམ་པར་དམིགས་བསལ་འགན་ཞིག་ཡོད་པས། ད་ལྟའི་བར་ཧུར་ཐག་གནང་ཡོད་ཀྱང་ད་དུང་མུ་མཐུད་ལྷག་བསམ་རྣམ་དག་གིས་སེམས་ཤུགས་བསྐྱེད་རྒྱུ་ནི་དུས་ཀྱི་དགོས་མཁོ་ཡང་ཆགས་ཡོད་གསུངས། ༸སྐྱབས་མགོན་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་ཕེབས་ཡོད། བོད་ཀྱི་གནས་སྟངས་དེ་རྒྱ་མིའི་བཙན་འོག་ཏུ་ཚུད་ནས་ལོ་དྲུག་ཅུ་ལ་ཉེ་བར་འགྲོ་བཞིན་ཡོད་པས། ད་དུང་བོད་ཀྱི་བདེན་མཐའ་དེ་དུས་ནམ་ཞིག་གི་ཚེ་ན་གསལ་མིན་ནི་དྲི་བ་ཞིག་ཡིན་ལ། གལ་ཏེ་བོད་ཀྱི་བདེན་མཐའ་དུས་ཚོད་ངེས་ཅན་ཞིག་ནང་གསལ་མ་ཐུབ་པ་ཡིན་ན་འཐབ་རྩོད་དེ་མུ་མཐུད་གནས་དགོས་ཀྱི་རེད་མ་གཏོགས། ༸སྐྱབས་མགོན་རིན་པོ་ཆེ་དགུང་ལོ་མཐོ་པོར་ཕེབས་ཏེ་བཞུགས་མ་བཞུགས་ཀྱི་གནས་སྟངས་ཤིག་གི་འོག་ནས་ང་ཚོའི་འཐབ་རྩོད་དེ་བརླག་སོང་བ་ཡིན་ན། ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་རྣམས་ལོ་རྒྱུས་ནང་ནག་ཐིག་ཆགས་པའི་ཉེན་ཁ་ཞིག་ཡོད་པས། ང་ཚོས་བསམ་བློ་རྣལ་དུ་ཕབ་ནས་བསམ་གཞིགས་བྱེད་ཚེ་ང་ཚོར་འགན་ཆེན་པོ་ཞེ་དྲག་ཡོད་པས། དེ་ཐོག་དགོངས་པ་ཞིག་བཞེས་ཏེ་སོ་སོའི་སྐད་ཡིག་སྲུང་སྐྱོབ་ཐད་ཤུགས་རྒྱག་རོགས་གནང་།
བོད་མིའི་སྒྲིག་འཛུགས་དང་སློབ་གྲྭ་སོགས་ཚོགས་སྡེ་གང་འདྲ་ཞིག་ནང་བལྟ་བ་ཡིན་ནའང་གཞོན་སྐྱེས་མང་པོ་ཞིག་སླེབས་ཡོང་གི་ཡོད་པར་སོང་། ང་ཚོའི་མི་རབས་བརྗེ་བོ་བརྒྱབ་འགྲོ་གི་ཡོད་པ་རེད། ང་ཚོ་མིའི་ལུང་པར་སྒྲིག་འཛུགས་སྲ་ཐག་ཐག་ཅིག་ཏུ་གནས་ཐུབ་པ་དེ་གཙོ་བོ་༸སྐྱབས་མགོན་རིན་པོ་ཆེ་དང་མི་རབས་གོང་མ་ཚོས་སྐུ་ངལ་བསྐྱོན་པའི་བཀའ་དྲིན་ལས་བྱུང་བ་ཡིན། མི་རབས་གོང་མ་རྣམས་རིམ་པས་རྫོགས་འགྲོ་གི་ཡོད་པས་སྒྲིག་འཛུགས་དང་བོད་མིའི་འཐབ་རྩོད་ཀྱི་འགན་ཁུར་རྣམས་གཞོན་པ་ཚོས་ལེན་དགོས་སྟབས། མི་རབས་གོང་མ་ལས་ལྷག་པ་ཞིག་མ་བྱུང་ཡང་ཞན་པར་འགྱུར་ཚེ་ང་ཚོ་ཐབས་སྐྱོ་པོ་ཆགས་ཀྱི་རེད་གསུངས། ང་ཚོ་བོད་པའི་སློབ་ཕྲུག་རྣམས་མཐོ་རིམ་སློབ་སྦྱོང་ཆེད་མཐོ་སློབ་དྲག་གྲས་ནང་འཛུལ་ཞུགས་སླད་འགྲན་ཞུགས་བྱེད་པ་ཡིན་ན་མང་པོ་ཞིག་ཚུད་ཐུབ་ཀྱི་མེད་པ་དེས་ང་ཚོའི་སློབ་ཕྲུག་གི་ཤེས་ཡོན་སྤུས་ཚད་འདེང་ངེས་ཡོང་གི་མེད་པ་མངོན་ཐུབ། དེར་བརྟེན་ཤེས་རིག་ལས་ཁུངས་ནས་མ་འོངས་པར་སློབ་གྲྭ་ཁག་གི་ཤེས་ཡོན་སྤུས་ཚད་གོང་མཐོར་གཏོང་ཐབས་སུ་གཞི་རིམ་ཤེས་ཡོན་ཐོག་ཤུགས་རྒྱག་བཞིན་ཡོད།
གཞན་ཡང་ང་ཚོའི་སྤྱི་ཚོགས་ནང་དཔེ་དེབ་བཀླག་རྒྱུའི་གོམས་གཤིས་ཞན་པོ་ཡོད་པ་རེད། དཔེ་དེབ་བཀླག་རྒྱུ་ནི་ཤེས་ཡོན་ཡར་རྒྱས་འགྲོ་བའི་ཆ་རྐྱེན་གལ་ཆེ་ཞིག་ཡིན་པར་སོང་ང་ཚོས་ངེས་པར་དུ་དེ་ཐོག་ཤུགས་རྒྱག་དགོས། ཕྱི་རྒྱལ་ཁག་ལ་བལྟས་ན་ཁྱིམ་ཚང་སོ་སོའི་དཔལ་འབྱོར་གྱི་གནས་བབ་ལ་དཔགས་པའི་ནང་ལ་དཔེ་མཛོད་ཆེ་ཆུང་དེ་འདྲ་མཐོང་རྒྱུ་ཡོད་པ་རེད། ཟབ་སྦྱོང་འདིའི་བསམ་ཤོག་ནང་དུའང་རྣམ་པ་ཚོས་སློབ་གྲྭ་ཁག་ནང་བྱིས་སྒྲུང་ལ་སོགས་པའི་དཔེ་དེབ་གང་མང་དགོས་ཀྱི་འདུག་གསུངས་པ་དེ་དངོས་གནས་གལ་ཆེན་པོ་རེད། སློབ་ཕྲུག་ཚོར་བོད་ཡིག་ནང་ཡོད་པའི་དཔེ་དེབ་བཀླག་རྒྱུའི་གོམས་གཤིས་ཤིག་བསྐྲུན་ཐུབ་པ་ཡིན་ན་བོད་ཡིག་གི་ཤེས་ཚད་ཡར་རྒྱས་འགྲོ་གི་རེད། དེ་མིན་སློབ་ཕྲུག་གཅིག་ལོ་བཅུ་གཉིས་ལྷག་སློབ་གྲྭ་ཞིག་ནང་འགྲིམས་ཏེ་མཐར་སློབ་གྲྭ་ཐོན་པའི་སྐབས་འབྲི་ཀློག་ཡག་པོ་ཤེས་ཀྱི་མི་འདུག་གསུངས་པ་ཡིན་ན། སློབ་ཕྲུག་དེའི་ལོ་བཅུ་གཉིས་འཕྲོ་བརླག་ལྟ་བུ་ཡིན་གསུངས། ཨིན་ཇིའི་ནང་དགེ་རྒན་ནི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱེད་པོ་ཡིན་གསུངས་པ་ལྟར་དངོས་གནས་དགེ་རྒན་གྱི་ལས་འགན་དེ་གལ་ཆེན་པོ་ཡིན།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ང་ཚོའི་སྤྱི་ཚོགས་ནང་བཟང་སྤྱོད་དེ་ཉམས་པ་ཡིན་ན་ང་ཚོ་བོད་མི་རིགས་ཀྱི་རིན་ཐང་ཆེ་ཤོས་དེ་ཉམས་པ་རེད་ཅེས་གསུང་བཞིན་པ་ལྟར། སློབ་གྲྭ་ཁག་ནང་དགེ་རྒན་ནི་སློབ་ཕྲུག་གིས་མིག་དཔེ་བལྟ་ས་ཞིག་ཡིན་སྟབས། དགེ་རྒན་ཚོའི་ཀུན་སྤྱོད་དེ་ཡག་པོ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག དེ་མིན་ཉིན་མོའི་སློབ་གྲྭ་ཡིན་ན་ཕ་མ་ལ་འབྲེལ་བ་གནང་སྟེ་ཕྲུ་གུའི་ཤེས་ཡོན་དང་ཀུན་སྤྱོད་ཀྱི་འཚར་ལོངས་སྐོར་གོ་བསྡུར་གནང་རྒྱུ་གལ་ཆེན་པོ་རེད་འདུག ང་ཚོའི་སྤྱི་ཚོགས་ནང་ཕ་མ་དང་སློབ་གྲྭའི་དབར་འབྲེལ་བ་ཞེ་དྲག་མི་འདུག རྒྱ་གར་སློབ་གྲྭ་ཁག་ཡིན་ན་ཕ་མ་དང་སློབ་གྲྭ་དབར་འབྲེལ་བ་ཡག་པོ་ཞེ་དྲག་འདུག་ལ། དེས་ཕྲུ་གུའི་ཤེས་ཡོན་ཐོག་ཕན་ཐོགས་ཀྱང་ཞེ་དྲག་ཡོང་གི་ཡོད་པ་རེད། མཐར་དགེ་ལགས་རྣམ་པ་དགུང་ལོ་གཞོན་གཞོན་ཡིན་པར་སོང་སོ་སོའི་ཤེས་ཚད་ཡར་རྒྱས་གཏོང་ཕྱོགས་ཐོག་འབད་བརྩོན་གནང་རོགས་གསུངས་པ་དང་སྦྲགས་ཤེས་རིག་ལས་ཁུངས་དང་སློབ་གྲྭ་ཁག་གི་ཤེས་ཡོན་དང་འབྲེལ་བའི་དྲ་རྒྱ་ཁག་ལའང་ཐུགས་སྣང་དགོས་པ་མ་ཟད། དེ་རིང་བསམ་ཤོག་ནང་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་དགོངས་འཆར་ཇི་གནང་ལ་ཤེས་རིག་ལས་ཁུངས་ནས་གལ་ཆེར་བརྩིས་ཏེ། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་ཐད་བསམ་གཞིགས་གནང་རྒྱུ་ཡིན་སྐོར་གསུངས་ཏེ་ཟབ་སྦྱོང་ཚོགས་བཅར་བ་རྣམས་ལ་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་སྟེ་ཟབ་སྦྱོང་མཇུག་བསྒྲིལ།

སྔོན་མ།
དཔེ་རིས་ཅན་གྱི་ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ།
ཕྱི་མ།
བྱིས་སྒྲུང་བོད་སྒྱུར་དང་པར་སྐྲུན།
Menu