ཟླ་རེའི་གསར་འགྱུར།

རྒྱ་བལ་གཉིས་ཀྱི་མཐོ་རིམ་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཚོགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༥ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱ་བལ་མཐོ་སློབ་ནང་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་དབུ་འབྱེད་མཛད་སྒོར་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གཙོས་ཤེས་རིག་ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས་དང། མདུན་ལམ་སློབ་སྟོན་པ་དྲུང་གཞོན་འཇམ་དབྱངས་དབང་རྒྱལ་ལགས། དེ་བཞིན་རྒྱ་བལ་གཉིས་ཀྱི་མཐོ་སློབ་ཁག་བཅུ་བདུན་ནས་ཚོགས་བཅར་བ་སློབ་ཕྲུག་བརྒྱ་ཙམ་འདུ་འཛོམས་གནང་ཐོག བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་རིང་གནང་བ་དང་སྦྲགས། གསོལ་ཇ་འབྲས་སིལ་ཕུལ། དེ་རྗེས་མཐོ་སློབ་ཁག་སོ་སོའི་སྐུ་ཚབ་རེ་ཡར་བཞེངས་ཏེ་ངོ་སྤྲོད་གནང་གྲུབ་མཚམས། ཤེས་རིག་ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་གི་དགོས་དམིགས་དང་འབྲེལ་བའི་ངོ་སྤྲོད་གནང་། དེ་རྗེས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་བ་ཡོངས་ལ་འཚམས་འདྲི་གནང་བ་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་ཁྱེད་རང་ཚོས་ངོ་སྤྲོད་གནང་བའི་སྐབས་མ་འོངས་པར་དངོས་གནས་ང་ཚོའི་མཇུག་སྐྱོང་གནང་ཐུབ་མཁན་གྱི་མི་རབས་ཤིག་འདུག་བསམ་པའི་ཚོར་སྣང་ཆེན་པོ་ཞིག་སྐྱེ་བྱུང་། དེ་རིང་དམིགས་བསལ་བལ་ཡུལ་ནས་སློབ་ཕྲུག་བཅུ་ཙམ་གྱིས་ངལ་བ་དུ་མ་ཁྱད་དུ་གསད་ནས་འདིར་ཕེབས་ཐུབ་པར་དགའ་བོ་བྱུང་། སྔ་ལོ་ཟབ་སྦྱོང་འདི་ལྟ་བུ་མཐོ་སློབ་ཀྱི་སློབ་ཕྲུག་ཚོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་གི་ཡོད།
    བར་སྐབས་ཤིག་ནས་ཟབ་སྦྱོང་དེ་བོད་མིའི་སྒྲིག་འཛུགས་ཀྱིས་གནང་རྒྱུ་ཐག་གཅོད་བྱུང་བ་བཞིན་ད་ནས་བཟུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་རྒྱུ་རེད། ད་ཐེངས་ཟབ་སྦྱོང་དེ་ཉིད་འཇར་མ་ནི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཉིན་གྲངས་དྲུག་རིང་སློབ་ཚན་ཁག་འདྲ་མིན་ཐོག་ཆེད་ལས་མི་སྣ་ཆེད་ཕེབས་ཀྱིས་སློབ་ཁྲིད་གནང་རྒྱུ་ཡིན་པ་དང་། སློབ་ཁྲིད་གནང་བའི་རིང་སློབ་མ་ཚོས་དོ་སྣང་ཆེན་པོ་བྱ་དགོས་པ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ཞེས་དང་། སྤྱིར་སྤྱི་ཚོགས་གང་འདྲ་ཞིག་ནང་ལའང་མི་རེ་ངོ་རེར་ཁྲིས་པའི་ལས་འགན་རེ་ཡོད་པ་གསལ་པོ་རེད། སྤྱི་ཡོངས་ཀྱི་འགན་ཁུར་གཅིག་མཚུངས་རེད། ཡིན་ནའང་ང་ཚོ་བོད་མི་རིགས་དེ་ཉིད་རང་དབང་བྲལ་བ་དང་ཡུལ་གྱར་བ་ཞིག་ཡིན་པར་བརྟེན་དགྲ་བོར་ཁ་གཏད་ཀྱིས་འཐབ་རྩོད་བྱ་དགོས་པའི་ལས་འགན་ཞིག་ཡོད་དུས་བོད་དོན་ཐོག་དོ་སྣང་དང་དབུ་མའི་ལམ་གྱི་སྐོར་ད་ལམ་ཟབ་སྦྱོང་ནང་ཁྲིད་རྒྱུ་ཡིན་སྟབས་དོ་སྣང་ཆེན་པོ་གནང་དགོས། ཞེས་གསུངས་པ་མ་ཟད། མ་འོངས་པར་རྒྱལ་ཁབ་གཅིག་གི་འགོ་ཁྲིད་མི་སྣ་གཅིག་ཆགས་སླད་འབད་བརྩོན་བྱ་དགོས་པ་དང་། ཅི་སྟེ་དེ་ལྟར་མ་ཐུབ་ཀྱང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དེ་ཉིད་འདེམས་ཕྱོགས་མ་ནོར་བ་དང་། འོས་འཕེན་རྒྱུའི་ཁེ་དབང་སོགས་མང་གཙོའི་ཐོབ་ཐང་དེ་དག་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་གལ་ཆེ་ཡིན་ལུགས། དེ་བཞིན་སློབ་ཚན་གང་དང་གང་ཡིན་རུང་དེའི་ཐོག་ལག་ཁྱེར་ཡོད་པ་ཙམ་མ་ཡིན་པར་ཆེད་ལས་ཐུབ་ཐབས་ཀྱི་འབད་བརྩོན་བྱ་དགོས་པ་སོགས་ཀྱི་ཐོག་གསུང་བཤད་རྒྱས་པར་གནང་སྟེ་དབུ་འབྱེད་ཀྱི་མཛད་སྒོ་ལེགས་པར་མཇུག་སྒྲིལ། །

སྔོན་མ།
གཞི་རིམ་བར་མའི་ཨང་རྩིས་དགེ་རྒན་ཁག་གཅིག་ལ་སློབ་ཁྲིད་ཡར་རྒྱས་གཏོང་ཐབས་ཀྱི་ཟབ་སྦྱོང་།
ཕྱི་མ།
རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་བྱུང་།
Menu