ཟླ་རེའི་གསར་འགྱུར།

ལ་དྭགས་ཁུལ་གྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་།

གསར་འཕྲིན།

༄༅། །གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་རྨང་གཞི་ཚད་ལྡན་ཡོང་མིན་ནི་གཞི་རིམ་འོག་མའི་ཤེས་ཡོན་སྤྲོད་སྟངས་ལ་རག་ལས་ཡོད་སྟབས། འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་སློབ་དེབ་བསྐྱར་ཞིབ་དང་། རྩོམ་སྒྲིག་དཔར་འགྲེམས་སོགས་བྱས་དང་བྱེད་མུས་ཡིན་ཞིང་། ཕྱི་ལོ་༢༠༡༥ ལོར་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་དང་། འཛིན་རིམ་དང་པོ་དང་གསུམ་པའི་ཨང་རྩིས། འཛིན་རིམ་གསུམ་པའི་སྤྱི་ཚོགས་ཚན་རིག་བཅས་སློབ་དེབ་གསར་པ་ཁག་ཅིག་དཔར་འགྲེམས་ཀྱིས་སློབ་ཁྲིད་ལག་བསྟར་གནང་འགོ་བཙུགས་ཡོད།
དེ་བཞིན་རྒྱ་གར་དང་བལ་ཡུལ་ཁུལ་གྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་བོད་ཡིག་སློབ་དེབ་གསར་པའི་ནང་དོན་དང་ཁྲིད་ཐབས་སོགས་ཀྱི་ངོ་སྤྲོད་ཟིན་པ་དང་། ཐེངས་འདིར་ལ་དྭགས་ཁུལ་གྱི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བོད་ཡིག་སློབ་དེབ་གསར་པ་ངོ་སྤྲོད་ཆེད་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཉིས་ཆེད་བསྐྱོད་ཀྱིས་ཕྱི་ལོ་༢༠༡༦ ཟླ་༨ ཚེས་༡༦ ནས་༡༨ བར་ཉིན་གྲངས་གསུམ་རིང་ལ་དྭགས་བོད་ཁྱིམ་དུ་ཟབ་སྦྱོང་གོ་སྒྲིག་ཞུས།
ཟབ་སྦྱོང་དབུ་འཛུགས་སྐབས་ལ་དྭགས་བོད་ཁྱིམ་གྱི་དབུ་འཛིན་མཆོག་དང་། སློབ་སྤྱི།  སློབ་དེབ་རྩོམ་སྒྲིག་པ་གཉིས། དགེ་རྒན་རྣམ་པ་ལྷན་འཛོམས་ཐོག་སློབ་སྤྱི་མཆོག་གིས་ཟབ་སྦྱོང་སྤྲོད་དགོས་པའི་བརྒྱུད་རིམ་དང་དམིགས་ཡུལ་ངོ་སྤྲོད་གནང་རྗེས། དབུ་འཛིན་མཆོག་གིས་དབུ་འབྱེད་གསུང་བཤད་དུ་སློབ་དེབ་རྩོམ་སྒྲིག་པ་གཉིས་ལ་འཚམས་འདྲི་དང་འབྲེལ། ཉེ་ཆར་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་གསུང་དྲོན་མོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་སྐོར་ལོ་རྒྱུས་དང་སྦྲགས་ནས་གསུངས་པ་རྣམས་སེམས་ལ་བཞག་སྟེ། སློབ་དེབ་གསར་པ་རྒྱུས་སྟོན་བྱེད་རིང་དགེ་རྒན་རྣམ་པས་གཟབ་གཟབ་བྱས་ཏེ་གསན་རྒྱུ་གལ་ཆེ། དེ་ནི་རྒན་པའི་རྗེས་གཞོན་པས་མཐུད་དེ་མཇུག་བསྐྱངས་དགོས་པས་མི་རབས་གཞོན་པར་ཤེས་ཡོན་སྤྲོད་རྒྱུ་དེ་ཡིན་སྟབས། བླ་མ་ཡོད་དུས་ཆོས་ཞུས་ཟེར་བ་ལྟར་དགེ་རྒན་རྣམ་པས་དཀའ་ངལ་དང་། དོགས་པ་ཡོད་པ་རྣམས་དྲིས་ཏེ་སེལ་བར་བྱེད་དགོས། ཞེས་གསུངས།
ཐེངས་འདིའི་རྒྱུས་སྟོན་ཟབ་སྦྱོང་དུ་ལ་དྭགས་བོད་ཁྱིམ་གྱི་སློབ་གྲྭ་ཨ་མ་དང་། སྨན་ལྷ། ལྕོམ་ལམ། ཨག་གླིང་བཅས་ཀྱི་བོད་ཡིག་དགེ་རྒན་བཅུ་བཞི་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད་།
ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་གཞི་རིམ་འོག་མའི་བོད་སྐད་ཡིག་སློབ་དེབ་རྩོམ་སྒྲིག་དང་། ཕྱི་ལོ་ ༢༠༡༥ ནས་ལག་བསྟར་བྱེད་ཐུབ་པ་བྱུང་ཡོད་པ་མ་ཟད། སློབ་དེབ་རྩོམ་སྒྲིག་པ་གཉིས་ས་གནས་སོ་སོར་སྐོར་བསྐྱོད་ཀྱིས་རྒྱ་བལ་གཉིས་ཀྱི་སློབ་ཁག་ཚང་མའི་གཞི་རིམ་འོག་མའི་བོད་ཡིག་དགེ་རྒན་རྣམས་ལ་སློབ་དེབ་གསར་པའི་རྒྱུས་སྟོན་ཟབ་སྦྱོང་ཕུལ་ཐུབ་པ་བྱུང་ཡོད།

སྔོན་མ།
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གནང་བ།
ཕྱི་མ།
ཆོས་དགེའི་མཚན་གནས་བརྗེ་བསྒྱུར་དང་འབྲེལ་བའི་སྐོར།
Menu