ཟླ་རེའི་གསར་འགྱུར།

ལ་དྭགས་བོད་ཁྱིམ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༧ ཚེས་ ༢ ནས་ ༧ བར་ཉིན་ལྔའི་རིང་ལ་དྭགས་བོད་ཁྱིམ་དུ་གཞི་རིམ་འོག་མའི་དགེ་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་ལ་དྭགས་བོད་ཁྱིམ་གླེ་ཁུལ་གྱི་སློབ་ཁག་བཞི་དང་བྱང་ཐང་ཁུལ་སློབ་ཁག་གསུམ་བཅས་སློབ་ཁག་བདུན་གྱི་གཞི་རིམ་འོག་མའི་དགེ་རྒན་ ༧༥ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་སློབ་ཁྲིད་གནང་མཁན་གཙོ་བོ་དཔལ་ལྡན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ཚེས་ ༢ ནས་ ༤ བར་ཉིན་གསུམ་གྱི་སྔ་དྲོའི་རིང་ཤེས་ཡོན་སྲིད་བྱུས་ཀྱི་རྒྱབ་ལྗོངས་དང་། ཤེས་ཡོན་གྱི་ངོ་བོ། ངོས་འཛིན། ཤེས་ཡོན་སྤྲོད་པའི་དམིགས་ཡུལ། ཤེས་ཡོན་ལམ་སྲོལ་སོགས་ཁྱོན་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་གལ་ཆེ་ཁག་ལམ་སྟོན་གསུང་བཤད་དང་དགེ་རྒན་རྣམ་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད། རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ལམ་སྟོན་གསུང་བཤད་ཉིན་གསུམ་རིང་གཞི་རིམ་འོག་མའི་དགེ་རྒན་ཙམ་མིན་པའི་ལ་དྭགས་བོད་ཁྱིམ་གཞི་རིམ་བར་མ་དང་། སྔོན་འགྲོ་དགེ་རྒན་བཅས་ལ་དྭགས་བོད་ཁྱིམ་གྱི་མཐོ་རིམ་དམའ་གསུམ་གྱི་དགེ་རྒན་ ༡༥༠ མཉམ་ཞུགས་གནང་ཡོད།
    གཞན་ཡང་ཐེངས་འདིའི་ཟབ་སྦྱོང་ནང་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས་ཁྱོན་ཡོངས་ཀྱི་ཤེས་ཡོན་དང་། ཚན་རིག་དང་ཨང་རྩིས་ཁྲིད་ཐབས། ཤེས་ལོངས་ཀྱི་དགེ་ཆེ་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་ཨིན་ཇིའི་སྒྲའི་འགྲོ་སྟངས་ཁག བོད་གཞུང་ཟློས་གར་ལྷ་མོའི་དགེ་བསམ་གཏན་ལགས་ཀྱིས་ཟློས་དགེ་རྣམས་ལྷ་མོའི་འཁྲབ་གཞུང་གཙོ་བོར་འགྱུར་ཟློས་གར་ཁྲིད་ཐབས། ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་དང་བོད་ཡིག་ཁྲིད་ཐབས་བཅས་ཀྱི་ཐོག་སློབ་ཁྲིད་གནང་ཡོད།
    ཟབ་སྦྱོང་གི་མཇུག་བསྡོམས་ཕྱི་ཚེས་ ༧ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢།༤༥ ཐོག་ལ་སྤྱི་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་དང་ལམ་སྟོན་གསུང་བཤད་གནང་ཡོད།
    གཞན་ཡང་དཔལ་ལྡན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་དབུས་ནང་པའི་རིག་གཞུང་མཐོ་སློབ་ཁང་གི་ལོ་ལྟར་གོ་སྒྲིག་ཞུས་དང་ཞུ་བཞིན་པའི་བ་ཀུ་ལ་རིན་པོ་ཆེའི་དྲན་རྟེན་གསུང་བཤད་ལས་རིམ་འོག་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་སྔ་དྲོ་མཐོ་སློབ་ཁང་གི་དགེ་སློབ་ཡོངས་ལ་མཐོ་སློབ་དེ་ཉིད་ནས་ཧི་མ་ལ་ཡའི་རི་རྒྱུད་ལ་ཞབས་འདེགས་ཇི་ལྟར་དགོས་མིན་སྐོར་དང་། ཕྱི་ཚེས་ ༣༠ ཉིན་སྔ་དྲོ་ལ་དྭགས་གླེ་ཇོ་ཁང་དུ་མཐོ་སློབ་ཁང་དགེ་སློབ་དང་། ལ་དྭགས་མི་མང་རྣམས་ལ་ནང་པའི་གཞི་རིམ་ལྟ་གྲུབ་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད། མི་མང་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་ཡོད། ཕྱི་ཟླ་ ༧ ཚེས་ ༡ ཉིན་སྔ་དྲོ་མཐོ་སློབ་ཁང་དུ་འདས་པ་དང་། ད་ལྟ། མ་འོངས་པའི་རྒྱ་གར་ཤེས་ཡོན་ལམ་སྲོལ་ཞེས་པའི་བརྗོད་གཞི་ཐོག་རྒྱ་གར་རྒྱལ་ཡོངས་མཁས་པའི་བགྲོ་གླེང་དབུ་འབྱེད་གནང་བ་དང་། ཕྱི་ཚེས་ ༢ ཉིན་ཕྱི་དྲོ་ཆུ་ཚོད་ ༤ ཐོག་ལ་དྭགས་ས་གནས་འཐུས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལ་དྭགས་མི་མང་སྟོང་ཚོ་བརྒལ་བར་དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ་ཐོག་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང། ཕྱི་ཚེས་ ༣ ཉིན་ཕྱི་དྲོ་ཆུ་ཚོད་ ༥ ཐོག་ཆོས་རིག་ཚོགས་ཆུང་ནས་རེ་སྐུལ་ཞུ་དོན་བཞིན་ཞི་བའི་ཚལ་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་དྲི་བ་དྲི་ལན་གྱི་གོ་སྐབས་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
ཕྱི་མ།
པེ་ས་ཊ་ལོ་ཛིའི་སློབ་ཡོན་ཐོབ་ཆེད་སློབ་མ་ ༡༧ འདེམས་རྒྱུགས་ནང་མཉམ་ཞུགས་གནང་བ།
Menu