ཟླ་རེའི་གསར་འགྱུར།

ཟློས་དགེ་འོས་སྦྱོང་མཇུག་བསྒྲིལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ཉིན་འགོ་བཙུགས་ཞུས་པའི་ལོ་གཅིག་དང་ཕྱེད་ཀའི་ཟློས་དགེ་འོས་སྦྱོང་དེ་འདི་ཟླའི་ཚེས་ ༢༥ ཉིན་མཇུག་བསྒྲིལ་ཏེ་འོས་སྦྱོང་བ་རྣམས་ལ་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་གསོལ་སྩལ་གནང་། སྔ་དྲོ་ཆུ་ཚོད་ ༡༠།༡༥ ཐོག་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཚོགས་ཕེབས་གྲུབ་མཚམས། ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་སྦྲགས་འོས་སྦྱོང་གི་ལས་བསྡོམས་སྙན་སྒྲོན་གནང་བའི་ནང་། གཙོ་བོ་འོས་སྦྱོང་བ་རྣམས་ལ་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་ཁྲིད་ཀྱི་ལྷན་དུ་སློབ་ཁྲིད་སྦྱོང་བརྡར་དང་། དགེ་རྒན་ཁྱད་ལས་གོང་མཐོར་གཏོང་ཐབས། རྒྱུགས་སྤྲོད་ལམ་ལུགས་ཀྱི་རྒྱུན་མཐུད་ཞིབ་འཇུག་གནང་ཐབས། དེ་བཞིན་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་གནང་ཡོད་པའི་སྐོར་གསུངས་པ་དང་། བོད་ཀྱི་ཟློས་གར་འཁྲབ་ཚན་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས། ཟློས་དགེ་འོས་སྦྱོང་གི་བྱུང་རིམ་ངོ་སྤྲོད་དང་སྦྲགས་འོས་སྦྱོང་བ་རྣམས་ལ་འོས་སྦྱོང་གནང་ཡུན་རིང་བོད་ཀྱི་ཟློས་གར་སྒྱུ་རྩལ་གང་དག་སློབ་ཁྲིད་གནང་ཡོད་མེད་དང་། དེ་མིན་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་སོགས་ཀྱི་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཐོབ་ཡོད་པ། དེ་བཞིན་འོས་སྦྱོང་བ་རྣམས་ཀྱི་མཐའ་མའི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་གནས་སྟངས་གསལ་བཤད་གནང་།
དེ་ནས་བོད་ཀྱི་ཟློས་གར་འགན་འཛིན་སྐབས་གཞི་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱས། དགེ་རྒན་གྱི་ལས་སྒོར་ཞུགས་པ་ནས་བཟུང་སློབ་ཕྲུག་མང་དག་ཅིག་དགེ་རྒན་གྱི་བྱ་སྤྱོད་ལས་ཤན་ཤུགས་ཐེབས་ངེས་པས། དགེ་རྒན་གྱིས་བརྩི་སྲུང་དགོས་པའི་བྱ་སྤྱོད་སྣ་མང་ཡོད་པའི་ནང་ནས་དཔེར་ན། གཞན་ལ་བཀའ་མོལ་དང་རྣམ་འགྱུར་སྟོན་སྟངས་དང་། རང་གི་ལུས་ཀྱི་ཆ་ལུགས་ཚུལ་མཐུན་གནང་ཕྱོགས་ཐད་གཟབ་དགོས་པ་དང་། འོས་སྦྱོང་ཟིན་མཚམས་བོད་ཀྱི་ཟློས་གར་ཚོགས་པ་དང་འབྲེལ་ལམ་མ་ཆད་པར་མུ་མཐུད་འབྲེལ་བ་གནང་སྟེ་གནས་ཚུལ་གསར་པ་རིགས་ཇི་ཡོད་ཐོབ་ཐབས་དང་། གཞན་ཡང་འོས་སྦྱོང་ཐོན་ཟིན་པའི་ཟློས་དགེ་རྣམས་ལའང་བོད་ཀྱི་སྲོལ་རྒྱུན་གྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གསར་པ་ཡོད་རིགས་བོད་ཀྱི་ཟློས་གར་ཚོགས་པ་དང་ཕན་ཚུན་ཁྱད་ཡོན་བརྗེ་རེས་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུངས།
དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་གིས། འོས་སྦྱོང་སློབ་ཁྲིད་གནང་མཁན་རྣམས་ལ་ལེགས་གསོལ་མཇལ་དར་དང་། སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་གསོལ་སྩལ་དང་སྦྲགས་སློབ་ཕྲུག་རྣམས་ལ་མ་འོངས་བྱེད་ཕྱོགས་ཐད་བླང་དོར་བཀའ་སློབ་ལམ་སྟོན་གནང་དོན་དུ། དང་ཐོག་སྐུ་ངོ་དྲུང་ཆེ་མཆོག་ནས་གྲུབ་འབྲས་གང་ལེགས་བྱུང་བར་འཚམས་འདྲི་དང་སྦྲགས་རྩ་བའི་ལས་རིགས་མང་པོ་ཡོད་པའི་ནང་ནས་ཟློས་དགེ་ལས་རིགས་འདི་བཞིན་སྒེར་གྱི་དོ་དབྱིངས་ཡོད་པའི་ཐོག་ནས་བདམས་པ་ཞིག་ཡིན་སྟབས། རང་གི་ལས་དོན་ཐོག་ལྷག་བསམ་དང་འགན་ཁུར་ཆེ་བཞེས་ཀྱིས་སློབ་ཕྲུག་རྣམས་ལ་བོད་ཀྱི་ཐུན་མིན་རིག་གཞུང་གི་གོམས་གཤིས་བཟང་པོ་ཞིག་འཇགས་གནང་དགོས་སྐོར་དང་། མ་འོངས་པར་ལས་ཀའི་གོ་སྐབས་ཐོབ་པའི་སྐབས་ས་གནས་ཀྱི་གནས་བབ་དང་མཐུན་རྐྱེན་སོགས་ལ་གཟིགས་ནས་ལས་ཀ་འདེམས་སྒྲུག་གནང་ན་དོ་བདག་གི་སེམས་ཤུགས་ཀྱིས་མ་འདང་བ་དང་། སློབ་གྲྭ་ཅི་འདྲ་ཞིག་ཏུ་ལས་ཀ་བྱེད་རུང་སློབ་གྲྭ་དེའི་ལས་དོན་གང་ཅིའི་ཐོག་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་མ་ཟད། རང་གི་ཤེས་ཚད་གོང་མཐོར་གཏོང་ཐབས་སུ་ཡིག་འགྲུལ་གྱི་ལམ་ནས་མུ་མཐུད་སློབ་སྦྱོང་གནང་དགོས་པ་བཅས་ཀྱི་སྐར་བཀའ་སློབ་ལམ་སྟོན་གནང་།
མཇུག་ཏུ་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་ལས་རིམ་མཇུག་བསྒྲིལ།

སྔོན་མ།
ཕྱི་ལོ་ ༢༠༡༤ སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་འགྲོ་བཞིན་པ།
ཕྱི་མ།
སྲིད་སྐྱོང་མཆོག་གིས་རིགས་ལམ་འདུ་འཛོམས་ཐེངས་ལྔ་པ་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་།
Menu